མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་རྒྱལ་ཁའི་ངང་གྲོལ།
2022.01.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ་སོ་སོ་ལེགས་འགྲུབ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ། ཚོགས་ཆེན་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ལ། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་འབྲི་བ་དང་། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱས།

ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། མཇུག་སྒྲིལ་བའི་ཚོགས་ཆེན་བསྡུས།

ཚོགས་འདུར་འཐུས་མི་སུམ་བརྒྱ་དང་གོ་གསུམ་ཞུགས་དགོས་པ་དང་དངོས་སུ་འཐུས་མི་སུམ་བརྒྱ་དོན་གཉིས་ཞུགས་ཡོད་པས། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་མཇུག་སྒྲིལ་ཚོགས་ཆེན་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲང་ཀོང་རོང་དང་མ་ཝེ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧེ་ཁོན། ལིག་ཐུང་ཏི། ཀྲང་ཧུང་ཡོན། ཅཱ་ཡུན་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཞིན་ཁྲང་ཞིན། རྡོ་རྗེ་རབ་བརྟན། མགོན་པོ་བཀྲ་ཤིས། ཝུའུ་ཞོ་ཅུན། ལིས་ཅེ་ཞང་། ཡུས་ཚུང་ལི། མ་ཅི་ཞའོ། དབྱིན་པད། ཁྲིན་རུའེ་ཧྥིན། ལིག་ཀི་ཕིང་། ཝང་ལིས་མེན། ཀྲའོ་ཡུའེ་ཞ། ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་དེ་ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་དང་།ཞིང་ཆེན་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱི་འདེམས་སྒྲུག་འོས་མི་འདེམ་བསྐོའི་བྱེད་ཐབས། ཞིང་ཆེན་དམངས་ཆེན་གྱི་འབྲེལ་ཡོད་ཆེན་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱི་འདེམས་སྒྲུག་འོས་མི་འདེམ་བསྐོའི་མིང་ཐོ་བཅས་ལ་གྲོས་འཆམ་བྱུང་། ཀྲང་ཀོང་རོང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་ལས་གནས་དགོངས་ཞུའི་རེ་ཞུ་དང་ལེན་གྱི་གཏན་འབེབས་ཐག་བཅད་ལ་གྲོས་འཆམ་བྱུང་། ལིས་ཅེ་ཞང་དང་ཝང་ལིས་མིན། ཀྲང་ལིས་བཅས་ཀྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པའི་ལས་གནས་དགོངས་ཞུའི་རེ་ཞུ་དང་ལེན་གྱི་གཏན་འབེབས་ཐག་བཅད་ལ་གྲོས་འཆམ་བྱུང་། སྤྱི་ཁྱབ་འདེམ་ཤོག་ལྟ་ཞིབ་པ་དང་འདེམ་ཤོག་ལྟ་ཞིབ་པའི་མིང་ཐོ་ལ་གྲོས་འཆམ་བྱུང་། ཚོགས་འདུའི་སྟེང་མིང་མ་བཀོད་པར་འདེམ་ཤོག་འཕེན་པའི་བྱེད་ཐབས་སྤྱད་དེ་ལིས་ཅེ་ཞང་དང་ཡུས་ཚུང་ལི། ཝང་ལིས་མེན་བཅས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཀྲུའུ་རིན་གཞོན་པར་བདམས་པར་གྲོས་འཆམ་བྱུང་། ཀྲ་ཆིན་ཅུག་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་གཙོ་རུ་བདམས་ཐོན་བྱུང་།  མགོན་པོ་ཚེ་རིང་དང་ལིས་ཀྲུང་།  ཧྲིན་སུན།  ཀྲང་ཞའོ་ཐན།  ཅ་ཀྲིས་ཡུང་།  ཞའེ་ཅན་ཧྭ་བཅས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས།

ཐལ་མོའི་རྡེབ་སྒྲའི་ཁྲོད་བདམ་ཐོན་བྱུང་པའི་མི་སྣ་རེ་རེས་ཚང་མར་ངོ་འཕྲད་དེ་རྩ་ཁྲིམས་ཀྱི་དམ་བཅའ་བཞག

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་རིམ་པ་བཞིན་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ལག་བསྟར་གནས་ཚུལ།  ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇུས་འགོད་ཀྱི་གྲོས་ཆོད།  མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཅིག་ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གཉིས་ལོའི་སྔོན་རྩིས་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་བཅས་ལ་རིམ་པ་བཞིན་གྲོས་འཆམ་བྱུང་།

ཝང་ཅན་ཅུན་གྱིས་གཏམ་གཤད་སྐབས་བསྟན་དོན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ནན་ཏན་གྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་ལག་བསྟན་ནན་མོ་བྱས་ལ། དམངས་གཙོ་འདོན་སྤེལ་གང་ལེགས་བྱས་པ་དང་ཁྲིམས་ལྟར་བྱ་བ་བཟང་བོར་བསྒྲུབ་པས། ལས་འགན་སྣ་ཚོགས་ལེགས་འགྲུབ་བྱུང་བ་དང་གྲོས་ཚོགས་དངོས་གཉེར་ཕན་མཐོ་དང་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་། ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོ་ནི་སྐབས་འདིའི་དམངས་ཆེན་གྱིས་འགན་བསྟར་བྱེད་པའི་ཆེས་མཇུག་མཐའི་ལོ་ཞིག་ཡིན། ལོ་ངོ་བཞིའི་རིང་། འཐུས་མི་ཚང་མས་མི་དམངས་སེམས་ལ་བཟུང་ནས་ནན་ཏན་གྱིས་འགན་བསྟར་བྱས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དགེ་མཚན་དེ་དོན་དངོས་ཀྱི་ལག་ལེན་བརྒྱུད་དེ་མཚོ་སྔོན་གསར་བའི་འཛུགས་སྐྲུན་གྱི་བཅོས་སྐྱོང་ལས་ཆོད་དུ་བསྒྱུར་ལ། ཏང་དང་སྲིད་གཞུང་གི་བཞེད་དགོངས་དོན་དངོས་ཀྱི་ལག་ལེན་བརྒྱུད་དེ་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་གཅིག་མཐུན་འདོད་བློར་བསྒྱུར་བ་དང་། མི་དམངས་མང་ཚོགས་ཀྱི་རེ་འདུན་འབོད་སྐུལ་དོན་དངོས་ཀྱི་ལག་ལེན་བརྒྱུད་དེ་ཚན་རིག་དང་མཐུན་ཞིང་དམངས་གཙོ་ཡིན་པ། ཁྲིམས་ལྟར་བཀོད་སྒྲིག་བྱེད་པའི་གྲོས་ཆོད་དུ་བསྒྱུར་ཏེ། མཚོ་སྔོན་ཞིང་ཆེན་གྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། དམངས་ཚིས་ཕན་བདེ་འགན་སྲུང་བཅས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག   སྐབས་གཅིག་གི་དམངས་ཆེན་འཐུས་མི་བྱས་ན་གཟི་བརྗིད་ལྡན་ལ། མི་དམངས་ཀྱི་བདེ་སྡུག་དྲོད་ཁོལ་ལ་སེམས་ཁྲལ་བྱེད་པའི་གོ་སྐབས་བྱུང་བ་མ་ཟད། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་བཏོན་ནས། ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་ཆེད་འགན་འཁྲི་ཕྲག་ཏུ་ལེན་པ་དང་། དམངས་ཆེན་བྱ་བའི་ཆེད་དུ་རོགས་སྐྱོར་བྱས་པ་ནི་ཚེ་འདིའི་སྐལ་བ་བཟང་བོ་ཡིན་པས། གཟི་བརྗིད་དང་གོ་སྐབས་གཅེས་སྤྲས་བྱས་ནས་མུ་མཐུད་དུ་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྟོབས་ཤུགས་འདོན་དགོས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་བསྡུ་རྒྱུ་ཡིན་པ་དང་། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། དམངས་ཆེན་དང་དམངས་ཆེན་འཐུས་མིའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། དོན་ཆེན་གྱི་མདུན་དུ་སྔར་བས་འགན་ཁུར་དང་བྱས་རྗེས་ཡོད་དགོས། གཏན་ཁེལ་གཉིས་ལག་ཏུ་བསྟར་ནས་བརྟན་སྲུང་གཉིས་ལེགས་པར་བསྒྲུབ་པ་དང་། མུ་མཐུད་དུ་ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་མཐོར་འདེགས་བཏང་སྟེ། རང་འགུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་གོ་གནས་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་འགྱུར་མེད་བརྟན་སྲུང་མཁན་དང་ལྷག་བསམ་དཀར་པོའི་རྗེས་འབྲངས་མཁན་བྱེད་པ་དང་། རང་འགུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དད་མོས་མཁན་བརྟན་པོ་ཞིག་དང་བློ་དཀར་ལག་ལེན་པ་ཞིག་བྱ་དགོས། ཁྱོན་ཆེན་པོ་གཉིས་དང་ཞིང་ཆེན་གྱི་དོན་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། རང་འགུལ་གྱིས་དམངས་ཆེན་བྱ་བ་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཆེན་པོར་འདྲེས་བར་བྱེད་པ། དགེ་མཚན་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་གཏན་གནས་ལ་དམ་འཛིན་བྱེད་པ། མུ་མཐུད་དུ་བདེ་འཇགས་གསུམ་གྱི་གོ་གནས་གལ་ཆེན་ཇེ་བརྟན་དུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་མཚོ་སྔོན་དུ་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་དགོས། ཧུར་ཐག་གིས་མཐོ་ས་སྐྲུན་པ་དང་གནས་བཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། དམངས་ཆེན་གྱི་འགན་ནུས་དང་ཐུན་མིན་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་དང་མཚོ་སྔོན་བྱ་བར་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། ཐེངས་འདིའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་བཟང་བོ་བྱེད་པ་དང་སྙན་ཞུ་སོ་སོའི་གྲོས་ཆོད་ལག་བསྟར་ལེགས་པོ་བྱེད་དགོས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབ་པའི་ཐོག་མའི་དམ་བཅའ་ཡིད་ལ་དམ་པོར་འཛིན་པ། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་བྱ་བའི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ནས། འཆར་འགོད་དམངས་ལ་འདྲི་བ་དང་སྲིད་དོན་དམངས་ལ་འདྲི་བ། ཅི་མཁོ་དམངས་ལ་འདྲི་བ། ཕན་ནུས་དམངས་ལ་འདྲི་བའི་གོ་རིམ་ཧྲིལ་བོའི་ཁྲོད་་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་དགོས་བ་དང་། མི་དམངས་ཀྱི་ཁྲོད་གཞི་ཚུགས་པར་བྱེད་པ་དང་མི་དམངས་ལ་བརྩི་བཀུར་བྱེད་པ། མི་དམངས་ལ་བརྟེན་པ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཁྲོད་རིགས་སོ་སོའི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུ་བྱེད་དགོས། འགན་ཁུར་ཤེས་པ་དང་འགན་ཁུར་ཕྲག་ཏུ་ལེན་པ། འགན་འཁྲི་ལག་བསྟར་བྱེད་པ་དང་། འགན་འཁྲི་འཁུར་བའི་ཆུ་ཚད་ཇེ་མཐོར་གཏོང་བ། དམངས་ཆེན་བྱ་བའི་གཞི་རྩའི་ཆོས་ཉིད་དང་དུས་རབས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། བཅའ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཁྲིམས་སྐྱོང་འདོན་སྤྲོད་ལེགས་བསྒྱུར་བྱེད་པ། ནུས་ལྡན་ལྟ་ཞིབ་ལག་བསྟར་བྱས་ནས། ཐག་གཅོད་དང་ལས་གནས་བསྐོ་འཐེན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ཁྲིམས་ལྟར་རྒྱལ་ཡོངས་དང་ཞིང་ཆེན་དམངས་ཆེན་འཐུས་མི་འདེམ་བསྐོ་བྱ་བ་ལེགས་པོར་བསྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་རང་བདག་གི་འདུ་ཤེས་སྔར་ལས་འདོན་སྤེལ་བྱེད་དགོས།

ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས། མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་འབུམ་དམག་རིམ་པའི་དཔུང་སྡེ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་མཱ་ཀྲི་ཝེ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ་བཅས་གདན་ཞུ་ལྟར་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུར་བསྡད།

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོདjམཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་རྒྱལ་ཁའི་ངང་གྲོལ།