ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་སོ་སོར་གཞི་རིམ་དུ་སོང་ནས། ཏང་ཡོན་རྒན་པ་དང་དཀའ་ཁག་ཅན་གྱི་མང་ཚོགས། ལས་བཟོ་བ། དམག་དཔུང་གི་དཔོན་དམག ཉེན་སེལ་བཀོད་འདོམས་མི་སྣ། ཏང་ཕྱིའི་མི་སྣ། ཆེད་མཁས་པ་དང་རིག་གནས་པ་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།
ཝང་ཅན་ཅུན་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་ཉེན་སེལ་མྱུར་སྐྱོབ་རུ་ཁག་ཏུ་སོང་ནས། འཕྲལ་བསྟུན་དངོས་ཟོག་འགན་སྲུང་ལ་ཞིབ་བཤེར་བྱས་པ་དང་། མྱུར་སྐྱོབ་སྦྱོང་བརྡར་ལ་བལྟས་ཤིང་བཀོད་འདོམས་མི་སྣའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཝང་ཅན་ཅུན་གྱིས་བཤད་རྒྱུར། མིན་ཡོན་དུ་རིམ་པ་དྲུག་དང་གྲངས་ཆུང་དགུ་ཡི་ས་ཡོམ་བྱུང་རྗེས། ཉེན་སེལ་བཀོད་འདོམས་མི་སྣ་དུས་ཚོད་དང་པོའི་ནང་ཡུལ་དངོས་སུ་སོང་ནས་མྱུར་སྐྱོབ་བྱས་པ་དང་། མི་དམངས་ལ་དགོས་མཁོ་ཆེ་བའི་སྐབས་སུ་མདུན་དུ་བསྐྱོད་དེ། ཏང་ལ་བློ་དཀར་བ་དང་སྒྲིག་ལམ་དམ་པ། དཔའ་ངར་ཞུམ་མེད་དང་མི་དམངས་བསམ་པའི་དམ་བཅའ་ལག་བསྟར་བྱས། ལོ་སར་སོགས་དུས་ཆེན་ལ་སླེབས་དུས། ཉེན་སེལ་བྱ་བའི་ཐད་ནས་འགྲན་རྩོད་སྔར་ལས་ཆེན་པོར་འཕྲད་སྲིད་པས། འཐབ་འཛིང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཆེད་ལས་ནུས་པ་མཐོར་འདེགས་གཏོང་བ། མྱུར་སྐྱོབ་ལས་ཆོད་མཐོར་འདེགས་བཏང་སྟེ། མང་ཚོགས་བདེ་འཇགས་བདེ་སྐྱིད་ཡོང་བའི་ཆེད་དུ་གནོད་འཚེ་སྔོན་འགོག་བྱེད་དགོས། མིན་ཡོན་རྫོང་དྲག་ཆས་ཉེན་རྟོག་རུ་ཁག་ཏུ། ཝང་ཅན་ཅུན་གྱིས་མཚོན་ཆ་སྒྲིག་ཆས་དང་ལས་རེས་གྲ་སྒྲིག་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། དམག་དཔུང་གིས་ཡོམ་འགོག་རྒུད་སྐྱོབ་དང་འཕྲལ་བསྟུན་ཐག་གཅོད། གཏན་འཇགས་སྲུང་སྐྱོབ་བྱེད་པའི་ཁྲོད་བྱས་རྗེས་བཞག་པར་བཀའ་དྲིས་ཞུས་ལ། རྒྱ་ཆེའི་དཔོན་དམག་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་ཡོངས་ལ་ཁྱབ་བསྒྲགས་བྱས་པའི2022ལོའི་སྦྱོང་བརྡར་སྐུལ་སློང་བཀའ་རྒྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། མངག་བཅོལ་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། འཐང་འཛིང་གི་གྲ་སྒྲིག་བཟང་པོ་བྱེད་པ། སྲོལ་རྒྱུན་དར་སྤེལ་གཏོང་བ་དང་སྲོལ་བཟང་ཆགས་པར་བྱས་ནས། དམག་དཔུང་ནང་འཚར་ལོངས་འབྱུང་བ་དང་འཇོན་ཐང་སློབ་པ། ནམ་ཡང་ཏང་དང་མི་དམངས་ཀྱི་བློ་དཀར་སྲུང་དམག་བྱེད་དགོས། ཧའོ་མིན་གྲོང་རྡལ་ཁང་ཀྲུང་ལམ་ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱི་ངལ་གསོ་ཁང་གི་མདུན་དུ། ཝང་ཅན་ཅུན་གྱིས་ཁོར་ཡུག་གཙང་སྦྲ་མི་སྣར་ལག་འཇུ་བྱས་པ་དང་། ཁོ་ཚོ་དང་མཛའ་བརྩེའི་གླེང་མོལ་བྱས་པ་མ་ཟད། ཁོ་ཚོའི་ལས་ཀའི་དུས་ཚོད་དང་ཟླ་ཕོག་ཡོང་སྒོའི་གནས་ཚུལ་གསལ་བོར་དྲིས་ལ། ངལ་གསོ་ཁང་ནང་གི་སྒྲིག་ཆས་ལ་ལྟ་ཞིབ་བྱས་པ་དང་། ཁོ་ཚོས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་གྲོང་གསེབ་སྔར་ལས་མཛེས་སྡུག་དང་དག་གཙང་ཡོང་བར་བྱས་པར་བསྔགས་བརྗོད་བྱས་ལ། འབྲེལ་ཡོད་སྡེ་ཁག་གིས་ཁོར་ཡུག་གཙང་སྦྲ་བྱེད་མཁན་དག་ལ་སེམས་ཁུར་བྱེད་པ་དང་། ཁོ་ཚོར་བྱ་བ་དང་འཚོ་བའི་ཆ་རྐྱེན་སྔར་ལས་བཟང་པོ་བསྐྲུན་རྒྱུའི་མངག་བཅོལ་བྱས། དེའི་རྗེས་ཝང་ཅན་ཅུན་གྱིས་ཏུང་ཁྲོན་གྲོང་རྡལ་སི་ཨེར་ཀི་སྡེ་བའི་ཏང་ཡོན་རྒན་པ་ཝན་ཞང་ལེན་ལ་འཚམས་འདྲི་བྱས་པ་མ་ཟད། ད་དུང་སི་ཨེར་ཀི་སྡེ་བའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་མཚོ་བོད་ལྕགས་ལམ་ཀུང་ཟིའི་མིན་ཡོན་ས་ཚིགས་གཉིས་ལ་སོང་ནས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཁོ་ཚོར་ལོ་སར་གྱི་སྨོན་འདུན་ཞུས།
བསྟུད་མར་ཉིན་འགའི་རིང་ལ། ཞིན་ཁྲང་ཞིང་གིས་ཆེད་མཁས་པ་དང་རིག་གནས་པ་ཝང་པེན་ཀྲང་དང་མཱ་ཧོང་པོ། ཏང་ཕྱིའི་མི་སྣ་མཱ་ཧའེ་ཅུན་དང་ཆའོ་ཅི་ཧྭ་བཅས་ལ་འཚམས་འདྲི་བྱས་ནས། ཁོ་ཚོས་རང་སོ་སོའི་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་དང་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཚང་མས་ཞིང་ཆེན་གྱི་གནས་ཚུལ་དངོས་དང་དགེ་མཚན་ཁྱད་ཆོས། ཐོན་ལས་རྨང་གཞི་ལ་ཟུང་འབྲེལ་བྱས་ནས། ས་གཤིས་ཐོན་ཁུངས་ཞིབ་དཔྱད་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ། ཐོན་ལས་ཀྱི་ས་བཞི་འཛུགས་སྐྲུན་བྱེད་པ། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་སོགས་ཕྱོགས་ནས་རྒྱུན་མཐུད་ངང་ཤུགས་བཏོན་ཏེ། དཔྱད་རྩོམ་མཐོ་སྒང་གི་ས་གཞིའི་སྟེང་འབྲི་བ་དང་། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ནས་རྒྱུན་མི་ཆད་པར་གྲུབ་འབྲས་ལེན་པར་རོགས་འདེགས་བྱེད་རྒྱུའི་སྐུལ་མ་བཏང་། གསུམ་གཅིག་དྲུག་དྲུག་ལྔ་དམག་དཔུང་དང་ཟི་ལིང་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་ལྟེ་གནས་སུ། ཞིན་ཁྲང་ཞིང་གིས་དམག་དཔུང་གི་དཔོན་དམག་དང་ཁོ་ཚོའི་ཁྱིམ་མི་རྣམས་ལ་ལོ་སར་གྱི་སྨོན་འདུན་ཞུས་པ་དང་། དམག་དཔུང་གིས་ས་གནས་ཀྱི་འཕྲལ་བསྟུན་མྱུར་སྐྱོབ་དང་ཡོམ་འགོག་རྒུད་སྐྱོབ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བ་སོགས་ཕྱོགས་ནས་རྒྱབ་སྐྱོབ་གནང་བར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ས་གནས་ཀྱི་བཟློག་ཐབས་མེད་པའི་འགན་འཁྲི་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་བཞིན་དུ་དམངས་དམག་མཉམ་བསྲེས་སྒོས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ་དང་། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་གཏིང་ཟབ་ཏུ་སྤེལ་བ། ཞབས་ཞུ་འགན་སྲུང་བཟང་པོར་བསྒྲུབ་ནས། སྤྱི་ཚོགས་ཡོངས་སུ་རྒྱལ་སྲུང་ལ་དོ་སྣང་བྱེད་པ་དང་དམག་དཔུང་ལ་སེམས་ཁུར་བྱེད་པ། དམག་མི་ལ་གཟིགས་སྐྱོང་བྱེད་པའི་སྣང་ཚུལ་སྟུག་པོ་ཆགས་པར་བྱེད་དགོས། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་རུ། ཞིན་ཁྲང་ཞིང་གིས་ཧྲོའུ་ལི་གྲོང་རྡལ་ཝང་ཧྥོ་སི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཧའེ་ཁྲིན་དང་ཧྲུའུ་ཅི་དང་པོ་ལིས་ཅི་པིའོ། ཉན་པའོ་གྲོང་རྡལ་ཆི་ལིས་ཏེན་གསར་དར་གཞིས་ཁུལ་གྱི་ཏང་ཡོན་ལིས་ཚའེ་ཧྲན། གཞི་རིམ་ལས་བྱེད་པ་ཞིན་ཧྲིག་མིའོ་བཅས་ལ་འཚམས་འདྲི་བྱས། ཞིན་ཁྲང་ཞིང་གིས་ཚང་མ་དང་མཛའ་བརྩེའི་གླེང་མོལ་བྱས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ཡུལ་གཞན་གནས་སྤོར་བཀོད་སྒྲིག་གི་རྗེས་མཐུད་རོགས་སྐྱོར་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བཤད་རྒྱུར། གྲོང་གསེབ་དར་སྤེལ་ནི་ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས་དང་རྩ་འཛུགས་ནང་དུ་འདུ་བའི་ཁྱོན་ཡོངས་ཀྱི་དར་སྤེལ་ཡིན་པས། ཀླད་པ་གསལ་བོ་བྱེད་པ་དང་བསམ་གཞིགས་ཞིབ་མོ་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་སྟོབས་དང་ལྡན་པར་འཛུགས་སྐྲུན་བྱེད་པ་དང་། གོང་བུར་སྒྲིལ་ཤུགས་ཇེ་དྲག་ཏུ་གཏོང་བ། སྡེ་དམངས་ཀྱི་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ཕྱུག་པོར་བསྒྱུར་བ། བརྟན་བརླིང་ངང་ཡུན་རིང་བར་བསྐྱོད་ཐུབ་པར་བྱེད་དགོས། ཡུལ་གཞན་གནས་སྤོར་གྱི་རྗེས་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དབུལ་ཐར་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་སྟེ། དབུལ་ཐར་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་གྲུབ་འབྲས་སྔར་ལས་རྒྱུན་བསྲིང་ཐུབ་པར་བྱེད་དགོས། དེའི་རྗེས། ཞིན་ཁྲང་ཞིང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ཏུང་ཧྲིན་ཕྱོགས་བསྡུས་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོང་ར་རུ་སོང་ནས། དུས་ཆེན་སྔོན་གྱི་ཚོང་རའི་མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་སོགས་གནས་ཚུལ་ལ་ཡུལ་དངོས་སུ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། བཀོད་གཏོང་མཐུན་སྦྱོར་ལ་སྔར་ལས་ཤུགས་སྣོན་པ་དང་། མཁོ་འདོན་དང་སྤུས་ཚད་ལ་འགན་སྲུང་བྱེད་པ་དང་རིན་གོང་གཏན་འཇགས་སུ་གཏོང་བ། ཡུལ་གནས་གཙོ་བོ་དང་སྡེ་ཁག་གཙོ་བོ། མི་སྣ་གཙོ་བོའི་རིམས་ནད་འགོག་སྡོམ་རེ་བ་ལག་བསྟར་ནན་མོ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་སེམས་བདེ་མོས་དངོས་ཟོག་ཉོ་བ་དང་སེམས་བདེ་མོས་ལོ་སར་རོལ་ཐུབ་པར་བྱེད་དགོས།
ཞིང་ཆེན་གྱི་འགོ་ཁྲིད་ཡུས་ཚོང་ལི་དང་མཱ་ཅི་ཞའོ། དབྱང་ཀྲི་ཝུན་བཅས་སོ་སོར་འཚམས་འདྲི་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།