ཟླ་དང་པོའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་ནས་ལོ་སར་གྱི་ལྷན་འཛོམས་སྤྲོ་ཚོགས་བསྡུས། རང་ཞིང་གི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་ཚབ་མི་སྣ་མཉམ་དུ་འཛོམས་ནས་ལུགས་རྙིང་ལོ་སར་བསུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་བཅས་སྤྲོ་ཚོགས་ལ་ཞུགས།
ཝང་ཅན་ཅུན་གྱིས་ཤིས་ཚིག་ནང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བཟོ་བ་དང་རོང་འབྲོག་མང་ཚོགས། ཤེས་ཡོན་པ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་ཁག་དང་ལས་རིགས་སོ་སོའི་མི་སྣ། མཚོ་སྔོན་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་དཔོན་དམག སྤྱི་བདེ་ཉེན་རྟོག་པ་དང་ཉེན་སེལ་མྱུར་སྐྱོབ་མི་སྣ། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དང་མཚོ་སྔོན་གྱི་བཅོས་སྒྱར་འཕེལ་རྒྱས་དང་གཏན་འཇགས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་ཚོར་ལོ་སར་གྱི་སྨོན་འདུན་ཞུས་ལ། ལོ་གསར་པའི་ནང་ཚང་མའི་བསམ་དོན་ཡིད་བཞིན་འགྲུབ་པ་དང་འཚོ་བར་བདེ་སྐྱིད་ལྡན་ཞིང་། རྒན་པ་ཚོ་ལུས་ཕུང་བདེ་ཐང་དང་ཚེ་རིང་ལོ་བརྒྱ་ཡོང་བ། བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་བའི་སྨོན་འདུན་ཞུས།
ཝང་ཅན་ཅུན་གྱིས་བཤད་རྒྱུར། རྒྱལ་ཁའི་ངང་གྲོལ་བའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་བཀོད་སྒྲིག་བྱས་པ་དང་། མཚོ་སྔོན་སྐྱོད་ལམ་གསར་པར་ཞུགས་པའི་དུང་བརྡ་བསྒྲགས། འདས་པའི་ལོ་གཅིག་ནང་། ང་ཚོ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དོན་ཆེན་དང་དོན་བཟང་མང་པོ་བརྒྱུད་མྱོང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་མཚོ་སྔོན་ལ་གཟིགས་ཞིབ་མཛད་དེ། ང་ཚོར་རླབས་ཆེན་གྱི་འཆར་གཞི་བཀོད་པ་དང་། ཏང་དབུ་བརྙེས་ཚུན་གྱི་ལོ་བརྒྱའི་གཟི་བརྗིད་དང་ཕུགས་འདུན་གྱིས་ང་ཚོའི་སྙིང་སྟོབས་རྒྱུད་འཛིན་བྱས། དོན་ཆེན་དང་དོན་བཟང་གི་འབོད་སྐུལ་འོག ང་ཚོས་རྨང་གཞི་འདིང་བའི་དོན་གསར་དང་དོན་དངོས་བསྒྲུབས། སྐྱེ་ཁམས་ཀྱི་མཐོ་ས་དང་ཐོན་ལས་ཀྱི་ས་བཞི་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། རིམས་ནད་ཤུགས་ལྡན་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་འགོག་སྡོམ་བྱས་ལ། དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་བཏང་བ་དང་། གནོད་འགོག་གནོད་སྐྱོབ་བརྟན་བརླིང་ངང་སྤེལ་ལ། སྤྱི་ཚོགས་ཡོངས་རྒྱུན་མཐུད་ངང་གཏན་འཇགས་སུ་སོང་བ་དང་། གྲོང་ཁྱེར་ལེགས་ཞིབ་ཅན་དང་འཚོ་བ་སྔར་ལས་མཛེས་སྡུག་ཏུ་གྱུར་ལ། ཞིང་སྡེ་ལེགས་མཛེས་འདུ་རུབ་དང་འཚོ་བ་སྔར་ལས་འབྱོར་ཕྱུག་ལྡན་པར་གྱུར་བ་དང་། འབྲོག་ཁུལ་འབད་བརྩོན་ཅན་དང་འཚོ་བ་སྔར་ལས་དཔལ་ཡོན་དུ་བསྒྱུར་ལ། མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་མཐོར་འདེགས་བཏང་།
ཝང་ཅན་ཅུན་གྱིས་བཤད་རྒྱུར། དོན་ཆེན་དང་དོན་བཟང་བརྒྱུད་དེ། དོན་གསར་དང་དོན་དངོས་བཟང་པོར་བསྒྲུབ་དགོས་པར་མ་ཟད། ད་དུང་རེ་སྒུག་བྱེད་བཞིན་པའི་དོན་དག་གལ་ཆེན་བསྒྲུབ་དགོས། ད་ལོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་རྒྱུ་ཡིན་པ་དང་། རང་ཞིང་གིས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་བསྡུ་རྒྱུ་ཡིན་ལ། དེ་དག་ནི་དོན་དག་ཧ་ཅང་གལ་ཆེན་ཡིན་པས། ང་ཚོས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སེམས་ཕྱོགས་པ་དང་། དད་སེམས་དང་དྲིན་གཟོའི་སེམས། འགན་འཁྲིའི་སེམས་པ་བཅངས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྤྱིའི་སྣེ་ཁྲིད་དུ་བྱེད་པ། མཚོ་སྔོན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། མཚོ་སྔོན་གྱི་ལས་དོན་དར་སྤེལ་གཏོང་བ། མཚོ་སྔོན་གྱི་བྱ་བ་བཟང་པོར་བསྒྲུབ་པ། མཚོ་སྔོན་གྱི་མི་དམངས་ཕྱུག་པོར་བསྒྱུར་ནས། ཧུར་ཐག་གིས་ཏང་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པ། དུས་རབས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་བསྐྲུན་ནས། གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
ཞིན་ཁྲང་ཞིང་གིས་འགོ་འཛིན་བྱེད་སྐབས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལྟར། ངར་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་ཀྱི་ས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་བརྟན་བརླིང་ངང་ལག་བསྟར་བྱས་ནས། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། དྲག་ཆས་མཚོ་སྔོན་སྤྱིའི་རུ་ཁག་གི་དཔོན་པོ། ཟི་ལིང་དུ་སྡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་བཅས་སྤྲོ་ཚོགས་ལ་ཞུགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་སྡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས། དམངས་གཙོ་ཏང་ཁག་སོ་སོ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣའི་འཐུས་ཚབ། བདུན་གཅིག་གཟེངས་རྟགས་ཐོབ་མཁན། ཀུན་སྤྱོད་དཔེ་ལེགས་ཅན་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་ཚབ་པ་བཅས་ལོ་སར་གྱི་ལྷན་འཛོམས་སྤྲོ་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།