ཝང་ཅན་ཅུན་གྱིས་ལུགས་རྙིང་ལོ་སར་སྐབས་ཀྱི་འགན་སྲུང་བྱ་བར་ཞིབ་བཤེར་བྱས་པར་མ་ཟད་ལས་བཟོ་བར་འཚམས་འདྲི་ཞུས།
2022.02.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་དང་པོའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཟི་ལིང་གྲོང་ཁྱེར་ཆུ་འདོན་སྡེ་ཚོགས་དང་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་གཉིས་ལ་སོང་ནས། ལུགས་རྙིང་ལོ་སར་སྐབས་ཀྱི་ཆུ་འདོན་གློག་འདོན་འགན་སྲུང་བྱ་བར་ཞིབ་བཤེར་བྱས་པ་དང་། ལས་རྐང་བརྟན་སྲུང་བྱས་པའི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་ཞུས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་སོ་སོ་རུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ངལ་རྩོལ་པར་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་ཞིང་ཆེན་གྱི་འགོ་ཁྲིད་མཱ་ཅི་ཞའོ་གཉིས་ཞིབ་བཤེར་ལ་ཞུགས།

ཝང་ཅན་ཅུན་ཐོག་མར་ཟི་ལིང་གྲོང་ཁྱེར་ཆུ་འདོན་སྡེ་ཚོགས་ཀྱི་བརྙན་རིས་བཀོད་གཏོང་ལྟེ་གནས་དང་འགྲུལ་བ་ཞབས་ཞུ་ལྟེ་གནས་སུ་སོང་ནས། ཆུ་ཁུངས་བཀོད་གཏོང་དང་དྲ་སྦུག་འཁོར་རྒྱུག ཆུ་འདོན་ཁེབས་ཚད་དང་འཕྲལ་བསྟུན་མྱུར་སྐྱོབ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། དེའི་རྗེས་སུ་ཝང་ཅན་ཅུན་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་བཀོད་གཏོང་ཚོད་འཛིན་ལྟེ་གནས་ལ་སོང་ནས། ཞིང་ཆེན་ཡོངས་ཀྱི་གློག་ཤུགས་འཁོར་རྒྱུག་འཕེལ་རྒྱས་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་པ་དང་། ནུས་ཁུངས་གསར་པའི་གློག་འདོན་དང་ལས་རིགས་གནས་བབ་ཀྱི་དབྱེ་ཞིབ་། ལོ་སར་སྐབས་ཀྱི་གློག་ཤུགས་འགན་སྲུང་། མི་རེའི་ཆ་སྙོམས་ཀྱི་གློག་བཀོལ་ཚད་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཝང་ཅན་ཅུན་གྱིས་བྱ་བར་འབད་འཐབ་བྱེད་བཞིན་པ་དང་། ལྷག་པར་དུ་ལོ་སར་སྐབས་སུ་ལས་རྐང་བརྟན་སྲུང་བྱས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འགན་སྲུང་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་པ་མ་ཟད། ཚང་མར་ལོ་སར་གྱི་སྨོན་འདུན་ཞུས། ཁོས་བཤད་རྒྱུར། ལོ་སར་སྐབས་ནི་ཆུ་དང་གློག་བཀོལ་སྤྱོད་བྱེད་པའི་གཅིག་བསྡུས་དུས་སྐབས་ཡིན་པ་དང་། བདེ་འཇགས་འགན་འཁྲི་དང་སྤུས་ལེགས་ཞབས་ཞུའི་འགན་འཁྲི་ལྕི་བས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་རྒྱུ་དེ་རང་འགན་དུ་བརྩི་བ་དང་། མང་ཚོགས་ཡིད་ཚིམ་པར་བྱེད་རྒྱུ་དེ་ཚད་གཞི་རུ་འཛིན་པ། མུ་མཐུད་དུ་སྙིང་སྟོབས་དང་བྱ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱེད་པ། ནམ་ཡང་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ། སྔོན་དུ་འཆར་འགོད་བྱེད་པ་དང་སྔ་མོ་ནས་བཀོད་སྒྲིག་བྱེད་པ། ཇུས་འགོད་འཐུས་ཚང་དུ་གཏོང་བ། ལས་རེས་བཀོད་གཏོང་དང་ལྟ་ཞིབ་སྔོན་བརྡ། ཉེན་ཁ་དོ་དམ་ཚོད་འཛིན། ཉེན་ཁ་རྟོག་སེལ། མྱུར་སྐྱོབ་འགན་སྲུང་སོགས་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་པ། སྔར་བཞིན་དུ་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། སྟོབས་ཤུགས་ཡོད་རྒུས་ལོ་སར་སྐབས་སུ་ཚད་ལོངས་སྤུས་ལེགས་དང་བདེ་འཇགས་གཏན་འཇགས་ངང་ཆུ་འདོན་གློག་འདོན་བྱེད་པར་འགན་སྲུང་བྱེད་དགོས།

འཚམས་འདྲིའི་བྱ་འགུལ་སྐབས་སུ། ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཆུ་ནི་མི་དམངས་འཚོ་བའི་ངེས་མཁོ་དངོས་རྫས་ཡིན་པ་དང་། གློག་ནི་དཔལ་འབྱོར་འཛུགས་སྐྲུན་གྱི་སྔོན་སྐྱོད་དཔོན་པོ་ཡིན་ལ། ཆུ་འདོན་གློག་འདོན་བྱ་བ་ནི་དམངས་ཚིས་ཀྱི་བདེ་སྐྱིད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའི་དོན་ཆེན་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཁོས་ཆུ་འདོན་ཁེ་ལས་ཀྱིས་ལས་བཟོ་བར་གཟིགས་སྐྱོང་བྱེད་པ་དང་། ལས་བཟོ་བས་བྱ་བ་ནན་མོར་བསྒྲུབ་ནས། ཁེ་ལས་རིག་གནས་ཀྱི་ཚོང་རྟགས་བསྐྲུན་པ་དང་། མི་དཀྱིལ་སྙིང་དུ་འཛིན་པ་དང་ཆེད་ལས་གཙོར་འཛིན་པ། བདེ་འཇགས་མངོན་པར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཆུའི་འགན་སྲུང་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ། སྤུས་ཚད་མཐོ་བའི་ཆུ་འདོན་ལ་བརྟེན་ནས་སྤུས་ལེགས་འཚོ་བར་ཞབས་འདེགས་ཞུ་དགོས། གློག་ཤུགས་ལས་བཟོ་པས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཤུགས་འདོན་པ་དང་། རིགས་གསར་པའི་གློག་ཤུགས་མ་ལག་འཛུགས་སྐྲུན་བྱེད་པ། གློག་འདོན་ཐད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། གློག་འདོན་འགན་སྲུང་དང་འཛད་གྲོན་ལ་འགན་སྲུང་། བདེ་འཇགས་ལ་འགན་སྲུང་བྱེད་པར་དམིགས་ནས། གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། གསར་གཏོད་གསར་སྐྲུན་བྱས་ཏེ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

རིན་ཆེན་མཚོས་བསྒྱུར།