ཟླ་གཉིས་པའི་ཚེས་གཅིག་སྟེ་ལུགས་རྙིང་ལོ་སར་གྱི་ཚེས་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཞིང་ཆེན་ཏང་ཨུའི་སྤྱིའི་ལས་རེས་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་བཅས་ལ་སོང་ནས། ལས་རེས་བྱ་བར་ཞིབ་བཤེར་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལས་རེས་མི་སྣར་དུས་ཆེན་གྱི་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་ཞུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་ཞིང་ཆེན་གྱི་འགོ་ཁྲིད་མཱ་ཅི་ཞའོ། ཁོང་ཡུང་། ལོས་ཧུང་ཡ་བཅས་སོ་སོར་ཞིབ་བཤེར་ལ་ཞུགས། ཝང་ཅན་ཅུན་ཐོག་མར་ཞིང་ཆེན་ཏང་ཨུའི་སྤྱིའི་ལས་རེས་ཁང་དུ་སོང་ནས། ཁ་པར་བརྒྱུད་དེ་ས་ཁུལ་དང་ལས་ཁུངས་ཀྱི་ལས་རེས་ལས་སྲུང་གནས་ཚུལ་ལ་སྐབས་བསྟུན་འཐེན་ཞིབ་བྱས་པ་དང་། དུས་ཆེན་སྐབས་ཀྱི་འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་ཉན། ཁོས་བསྟན་དོན། ལུགས་རྙིང་ལོ་སར་ནི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་གལ་ཆེ་བའི་སྲོལ་རྒྱུན་དུས་ཆེན་ཡིན་པ་དང་། དུས་ཆེན་སྐབས་ཀྱི་སྤྲོ་སྐྱིད་དང་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་བདེ་འཇགས་དེ་ལས་རྐང་བརྟན་སྲུང་བྱས་ཡོད་པའི་ལས་རེས་མི་སྣའི་འབད་འཐབ་དང་འབྲལ་ཐབས་མེད། དུས་ཆེན་སྐབས་སུ་ལྷོད་གཡེང་དང་སྒྱིད་ལུག་བྱེད་མི་རུང་བར། ལས་རེས་ལས་སྲུང་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་ནས། བྲེལ་མྱུར་གནས་ཚུལ་བྱུང་ཚེ་མྱུར་དུ་ལན་འདེབས་པ་དང་དུས་ཚོད་དང་པོའི་ནང་སྙན་ཞུ་འབུལ་བ། དུས་ཚོད་དང་པོའི་ནང་ཐག་གཅོད་ཐུབ་པར་ཁག་ཐེག་བྱེད་པ་དང་། ལས་བྱེད་པའི་འབད་བརྩོན་བསྡུར་གྲངས་དེ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ལོ་སར་སྐབས་ཀྱི་བདེ་སྐྱིད་བསྡུར་གྲངས་སུ་བསྒྱུར་དགོས།
ཞིང་ཆེན་སྤྱི་བདེ་ཐིན་བཀོད་འདོམས་ལྟེ་གནས་སུ། ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ལོ་སར་སྐབས་ཀྱི་གཏན་འཇགས་སྲུང་སྐྱོབ་དང་བདེ་འཇགས་འགན་སྲུང་། མཁོ་སྒྲུབ་གྲ་སྒྲིག་གནས་ཚུལ་ལ་ཉན་པ་མ་ཟད། མཚོ་སྔོན་གྱི་སྤྱི་བདེའི་གཞི་གྲངས་ཆེན་པོའི་བཀོད་འདོམས་སྟེགས་བུ་བརྒྱུད་དེ། བརྙན་རིས་ཀྱི་ལམ་ནས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཐང་ཏའོ་ལས་རེས་ས་ཚིགས་དང་མང་ཨེ་སྤྱི་བདེ་ཞིབ་བཤེར་ས་ཚིགས། རྨ་ལྷོ་ཁུལ་རོང་བོ་དགོན་ལས་རེས་ས་ཚིགས་བཅས་ཀྱི་ཡུལ་དངོས་མཁོ་སྒྲུབ་བྱ་བར་བཀོད་གཏོང་བྱས། ཁོས་བཤད་རྒྱུར། རིགས་སོ་སོའི་མང་ཚོགས་ལ་བདེ་འཇགས་སྤྲོ་སྐྱིད་དང་ཞི་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི། སྤྱི་བདེ་རུ་ཁག་གི་ཆེས་ཆེ་བའི་ཆབ་སྲིད་དང་བློ་དཀར་བའི་མཚོན་རྟགས་ཡིན། བདེ་འཇགས་ཡིན་མིན་གྱི་གནད་འགག་སྤྱི་བདེ་ལ་བལྟ་དགོས་པ་དང་། དུས་ཆེན་རེ་རེ་དང་དུས་རིམ་གལ་ཆེན་དུ། སྤྱི་བདེ་ཉེན་རྟོག་པས་ནམ་ཡང་གདོང་མཆོང་བྱེད་པ་དང་། ཚེ་སྲོག་ལ་བརྟེན་ནས་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་བདེ་རུ་ཁག་ལ་ཡིད་ཆེས་བྱས་ཡོད་པ་དང་བློ་གཏད་ཡོད། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་རུ་ཁག་གིས་འགུལ་སྐྱོད་དངོས་ལ་བརྟེན་ནས་སྤུས་ལེགས་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ཚད་ལྡན་རྒྱུགས་ལན་སྤྲད། གཏན་འཇགས་ནི་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་དང་ཞིང་ཆེན་གྱི་དོན་དག་གཙོ་བོ་ཡིན་པས། ཉེ་དུས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ཡུན་རིང་བོར་འཆམ་མཐུན་ལ་སྲུང་སྐྱོབ་བྱེད་དགོས་ལ། རྒྱ་ཆེའི་སྤྱི་བདེ་ཉེན་རྟོག་པས་ནམ་ཡང་ཏང་ལ་བློ་དཀར་བའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་བརྟན་དུ་གཏོང་བ་དང་། ཆེད་ལས་འཇོན་ཐང་མཐོར་འདེགས་བཏང་སྟེ། མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་དང་གཏན་འཇགས་ཐད་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་བཅངས་ཡོད།
ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་བཀོད་འདོམས་ལྟེ་གནས་སུ། ཝང་ཅན་ཅུན་གྱིས་ལོ་སར་སྐབས་ཀྱི་འཕྲལ་བསྟུན་ལས་སྲུང་དང་བདེ་འཇགས་ཐོན་སྐྱེད་སོགས་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་སྡེ་ཁག་གིས་ཤུགས་ཡོད་པ་དང་གོ་རིམ་དང་ཕན་འབྲས་ལྡན་པའི་ངང་ལྔ་པའི་ཉེར་གཉིས་ཉིན་གྱི་རྨ་སྟོད་ས་ཡོམ་དང་ཚེ་ཐར་སོལ་གཏེར་ཉིལ་བའི་དོན་རྐྱེན། མིན་ཡོན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་སོགས་ཉེན་འགོག་རྒུད་སྐྱོབ་བྱ་བ་སྤེལ་བར་བཀའ་དྲིན་ཞུས་པ་དང་། བརྙན་རིས་ཀྱི་ལམ་ནས་རྨ་ཆེན་རྫོང་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་དང་ཀན་ཧི་བཟོ་ལས་ར་བའི་ཁུལ་གྱི་ཁེ་ལས་སོགས་འབྲེལ་ཡོད་ས་ཁུལ་དང་ཡུལ་གནས་གཙོ་བོའི་ལས་རེས་མི་སྣར་འབྲེལ་འདྲིས་བྱས། ཁོས་བཤད་རྒྱུར། གནོད་འཚེ་འབྱུང་མིན་མིའི་དབང་འོག་ཏུ་མི་ཡོང་ནའང་གནོད་འགོག་གནོད་སྐྱོབ་བྱེད་དུས་མི་ལ་བརྟེན་དགོས། འཕྲལ་བསྟུན་མྱུར་སྐྱོབ་བྱེད་སྐབས་མི་དཀྱིལ་སྙིང་དུ་འཛིན་པ་དང་ཚེ་སྲོག་གཙོར་འཛིན་པ། བདེ་འཇགས་ནམ་ཡང་གོ་གནས་དར་པོར་འཇོག་པ། ཚན་རིག་དང་མཐུན་དགོས་པར་མ་ཟད་ཆེད་ལས་གླེང་དགོས་ལ། དུས་ནམ་ཡང་གཡུལ་འགྱེད་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། དོགས་ཟོན་ཇེ་མཐོར་གཏོང་བ། བཀག་འགོག་ནན་མོ་བྱེད་པ། འཕྲལ་བསྟུན་སྟེགས་བུའི་གཅིག་གྱུར་བཀོད་འདོམས་དང་རྩོལ་ནུས་ཆ་ཚང་བ། འཁོར་རྒྱུག་ཕན་མཐོ་བའི་ཁྱད་ཆོས་འདོན་སྤེལ་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ཀྱི་བདེ་འཇགས། ཤོག་སྦག་དོ་དམ། མེ་སྐྱོན་བཀག་འགོག་སོགས་བྱ་བ་བཟང་པོར་བསྒྲུབ་པ། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ལྟ་སྐུལ་དོ་དམ་ཆུ་ཚད་དང་འཕྲལ་བསྟུན་མྱུར་སྐྱོབ་ནུས་པ་མཐོར་འདེགས་བཏང་ནས། གནོད་འགོག་གནོད་སྐྱོབ་ཐད་ནས་མཚོ་སྔོན་གྱི་འཕྲལ་བསྟུན་མི་སྣའི་བྱས་རྗེས་འཇོག་དགོས།
ཝང་ཅན་ཅུན་ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དུ་སོང་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་དང་ལོ་སར་སྐབས་སུ་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣའི་རིམས་ནད་བརྟག་དཔྱད་རྟོག་སེལ་དང་ལོགས་བཀར་སོགས་གནས་ཚུལ་གསལ་བོར་དྲིས་པ་དང་། བརྙན་རིས་ཀྱི་ལམ་ནས་མེན་ཧི་རྫོང་དང་མཚོ་ལྷོ་ཁུལ་གྱི་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་གཉིས་ལ་འབྲེལ་བ་བྱས་ཏེ། མཚོ་སྔོན་གྱི་ཤར་སྒོ་ཆེན་མོ་དང་མཚོ་སྐོར་ས་ཁུལ་གྱི་རིམས་ནད་འགོག་སྡོམ་བྱ་བའི་ཐད་ཀྱི་སྙན་ཞུ་ལ་ཉན། ཁོས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་དུ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་བྱ་བའི་ཚན་ཆུང་གི་རེ་བ་སྣ་ཚོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ལ། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་སྣེ་ཁྲིད་དུ་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་རིམས་ནད་དེ་བག་ཉལ་དུས་སྐབས་སུ་མྱུར་དུ་ཚོད་འཛིན་བྱས་པ་དང་། ལྷག་པར་དུ་སྨན་བཅོས་མི་སྣ་དང་རིམས་ནད་འགོག་སྡོམ་བྱ་བའི་མི་སྣས་མཚོ་སྔོན་གྱི་བདེ་འཇགས་སྲུང་སྐྱོབ་དང་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད་བྱས་རྗེས་གལ་ཆེན་བཞག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། ཉམས་མྱོང་རྒྱུན་མ་ཆད་པར་སྤྱི་སྡོམ་བྱེད་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། རང་འགུལ་གྱིས་ཚོད་འགོག་བྱེད་པ། འགག་སྒོ་མདུན་དུ་བསྣུར་བ། རིམས་ནད་འགོག་སྡོམ་གྱི་མི་དམངས་གཡུལ་འགྱེད་དང་སྤྱིའི་གཡུལ་འགྱེད། འགོག་རྒོལ་གཡུལ་འགྱེད་རྒྱུན་མཐུད་ངང་བཟང་པོར་སྤེལ་བ། སྔ་མོ་བཞི་དང་ནམ་ཡང་བཞིའི་རེ་བ་ལག་བསྟར་བཟང་པོ་བྱེད་པ། རྒྱུན་སྲོལ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པའི་ཐད་ཐོན་སྐྱེད་འཚོ་བའི་ཁོར་ཡུག་བཟང་པོ་བསྐྲུན་དགོས།
རིན་ཆེན་མཚོས་བསྒྱུར།