ཞིན་ཁྲང་ཞིང་གིས་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཆུས་ནན་ཁྲོན་བཟོ་ལས་ས་ཁུལ་གྱི་ཐོན་ལས་ལས་གཞིའི་འཛུགས་སྐྲུན་དང་བཟོ་ལས་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་བྱས།
2022.02.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་གཉིས་པའི་ཚེས་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཆུའུ་ནན་ཁྲོན་བཟོ་ལས་ས་ཁུལ་དུ་ཐོན་ལས་ལས་གཞིའི་འཛུགས་སྐྲུན་དང་བཟོ་ལས་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྲིད་ཇུས་དོན་ཐོག་ཏུ་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། བཀོད་སྒྲིག་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་དགོས་ལ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། ཧུར་ཐག་དང་གོ་རིམ་ལྡན་པའི་སྒོ་ནས་ཁེ་ལས་ཀྱི་ལས་ཐོན་སླར་གསོ་དང་ཐོན་ཚད་འཕར་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། དཔལ་འབྱོར་སླར་གསོ་འཕེལ་རྒྱས་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། དུས་ཚིགས་དང་པོའི་བྱ་བ་སྒྲུབ་མ་ཐག་ཏུ་གྲུབ་འབྲས་ཐོབ་པར་བྱེད་པ་དང་ལོ་ཧྲིལ་བོར་བརྟན་འཇགས་ཡོང་བ་འགན་སྲུང་བྱེད་དགོས།

ཞིན་ཁྲང་ཞིང་སྔ་གཞུག་ཏུ་མཚོ་སྔོན་ཧྥུའུ་ཏིས་གློག་གཡིས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཀོ་ཅིན་ཉི་འོད་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་ཟི་སོགས་ལ་སོང་སྟེ་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཁེ་ལས་ཀྱི་འགན་འཁུར་བློ་མཐུན་དང་བསམ་བློ་བརྗེ་རེས་བྱས་པར་མ་ཟད། ཁེ་ལས་ཀྱི་རྒྱུ་རྐྱེན་གཙོ་བོ་འགན་སྲུང་དང་ལས་བཟོ་བ་བཀོལ་སྤྱོད་དང་བསྡུ་ལེན་པ་དང་། རིམས་ནད་འགོག་སྡོམ། ཐོན་རྫས་ཞིབ་བཟོ། མ་འོངས་པའི་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁེ་ལས་ཀྱི་ལས་བཟོ་བ་མང་ཤོས་ཀྱིས་གནས་དེ་རུ་ལོ་སར་ཏེ་ཐོན་སྐྱེད་བདག་གཉེར་བརྟན་འཇགས་དང་སླར་གསོའི་རྣམ་པ་སྲུང་འཛིན་བྱས་པ་ཤེས་རྗེས། ཞིན་ཁྲང་ཞིང་གིས་ཁོ་ཚོས་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བཤད་དོན། དུས་ཚིགས་དང་པོའི་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ལོ་ཧྲིལ་བོའི་འཕེལ་རྒྱས་ལ་འབྲེལ་བ་ཡོད་པས། རང་རྟོགས་ནུས་པ་ཇེ་ཆེར་གཏོང་བ་དང་རྨང་གཞི་སྲ་བརྟན་དུ་གཏོང་བ། སྔོན་དཔག་བརྟན་འཇགས་བྱེད་རྒྱུ་ཧ་ཅང་གལ་ཆེ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་ཐོག་མར་དམ་འཛིན་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་གི་འཕེལ་རྒྱས་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རྒྱུན་མཐུད་སྒོས་ཐོན་ལས་སྒྲིག་གཞི་དང་ནུས་ཁུངས་སྒྲིག་གཞི་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱི་ཡུན་རིང་འཕེལ་རྒྱས་ལ་དམིགས་ཏེ། ལྗང་མདོག་ཐཱན་ཉུང་གི་ལག་རྩལ་འགག་སྒོ་དམ་འཛིན་བྱེད་པ་དང་། མགྱོགས་མྱུར་སྒོས་སྔོན་ཐོན་དང་བཀོལ་སྤྱོད་བྱེད་འོས་པའི་ལག་རྩལ་ཞིབ་བཟོ་དང་ཁྱབ་གདལ་དུ་གཏོང་དགོས་ལ། འཇོན་མི་ནང་འདྲེན་བྱེད་པར་ཡིད་འཇོག་བྱེད་པ་དང་ས་གནས་རང་གི་འཇོན་མི་དེ་ལས་ཀྱང་སྐྱེད་སྲིང་བྱེད་དགོས། ཞབས་ཞུའི་རྣམ་པ་སྔར་ལས་ལེགས་སྒྱུར་བྱེད་པ་དང་སྲིད་ཇུས་དངོས་འབེབས་ཤུགས་ཚད་ཇེ་ཆེར་བཏང་ནས། དུས་ཐོག་ཏུ་ཁེ་ལས་ཀྱི་དཀའ་ཁག་ངོ་མ་ཐག་གཅོད་རོགས་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་བཟང་བོ་འདོན་སྤྲོད་བྱེད་དགོས།

ནན་ཁྲོན་བཟོ་ལས་ས་ཁུལ་གྱི་ལེ་ཧའོ་གློག་འདྲེན་ཕྱེད་གཟུགས་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་སུ་བཟོ་བ་རྣམས་ཀྱིས་གྲང་ངར་ལ་མ་འཛེམ་པར་རིགས་སོ་སོའི་ཐོན་སྐྱེད་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་ཡོད། ཞིན་ཁྲང་ཞིང་གིས་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་དང་བཟོ་ལས་ས་ཁུལ་གྱི་བྱ་བ་སྒྲུབ་མཁན་ལ་བདེ་འཇགས་ཐོན་སྐྱེད་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་ཆེར་གཏོང་བ་དང་། སྔ་མོ་ནས་ཐོན་ནུས་གསར་བ་ཆགས་པར་བྱེད་དགོས་ལ། ཧུར་ཐག་སྒོས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།

ཁྲིན་རོས་ཧྥིན་དང་ཝང་ལིས་མེན་གཉིས་ཀ་རྟོག་ཞིབ་ལ་ཞུགས།

                                                                                                       བཀྲ་ཤིས་འབུམ་གྱིས་བསྒྱུར།