ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་ཤེས་བྱའི་ཐོན་དབང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་རྩ་གནད་ལག་བསྟར་དང་དངོས་འབེབས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་འགྲེམ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དུས་ཡུན་འབྲིང་རིང་གི་ཤེས་བྱའི་ཐོན་དབང་སྟོབས་ལྡན་ཞིང་ཆེན་གྱི་འཐབ་ཇུས་ལག་བསྟར་བྱེད་པར་འཆར་འགོད་བྱས་ནས། ཤེས་བྱའི་ཐོན་དབང་གསར་སྐྲུན་དང་བཀོལ་སྤྱོད། སྲུང་སྐྱོབ། དོ་དམ། ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། ལག་བསྟར་བསམ་འཆར་དེ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་ཤེས་བྱའི་ཐོན་དབང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་རྩ་གནད་ལ་གཤིབ་བསྡུར་བྱས་ནས། ཤེས་བྱའི་ཐོན་དབང་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་གྱི་འཕེལ་རྒྱས་དམིགས་འབེན་དང་ལས་འགན་གཙོ་བོ། རྩ་འཛུགས་འགན་སྲུང་བཅས་གཏན་འཁེལ་གསལ་བོ་བྱས།
ལག་བསྟར་བསམ་འཆར་ལས་བསྟན་དོན། ཉིས་སྟོང་ཉེར་ལྔ་ལོའི་བར་དུ་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་ལམ་ལུགས་ཀྱིས་གསར་སྐྲུན་ལ་སྐུལ་ལྕག་བྱེད་པའི་གཞི་རྩའི་འགན་སྲུང་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། ཤེས་བྱའི་ཐོན་དབང་གི་ཚོང་རའི་རིན་ཐང་མངོན་འགྱུར་བྱེད་པ། མཚོ་སྔོན་གྱི་ཐོན་རྫས་གྲགས་ཅན་གྱི་མཚན་སྙན་གྲགས་སྔར་ལས་ཇེ་ཆེར་འགྲོ་བ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཤེས་བྱའི་ཐོན་དབང་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་བྱེད་དགོས། ཉིས་སྟོང་སོ་ལྔ་ལོའི་བར་དུ་ཤེས་བྱའི་ཐོན་དབང་གི་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པ་དང་། ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་ཕལ་ཆེར་འགྲུབ་པར་བྱེད་དགོས།
ལག་བསྟར་བསམ་འཆར་ལས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤེས་བྱའི་ཐོན་དབང་ལམ་ལུགས་འཛུགས་སྐྲུན་བྱེད་པ་དང་ཚོང་གཉེར་ཁོར་ཡུག་རོགས་འདེགས་བྱེད་པའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་མ་ལག་འཛུགས་སྐྲུན་བྱེད་པ། གསར་སྐྲུན་འཕེལ་རྒྱས་ལ་སྐུལ་ལྕག་གཏོང་བའི་ཤེས་བྱའི་ཐོན་དབང་གི་ཚོང་རའི་འཁོར་རྒྱུག་རྐྱེན་སྲོལ་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་དང་མང་ཚོགས་ཡིད་ཚིམས་པ་དང་གཙོ་གཞིའི་དགོས་མཁོ་གསར་སྐྲུན་བྱེད་པའི་ཤེས་བྱའི་ཐོན་དབང་གི་སྤྱི་ཐུན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པ། ཤེས་བྱའི་ཐོན་དབང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི་མི་གཞུང་སྤྱི་ཚོགས་ཁོར་ཡུག་འཛུགས་སྐྲུན་བྱེད་པ། མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཤེས་བྱའི་ཐོན་དབང་མཉམ་ལས་བརྗེ་རེས་རྐྱེན་སྲོལ་འཛུགས་སྐྲུན་བྱེད་པ་བཅས་ཕྱོགས་དྲུག་ནས་བྱེ་བྲག་གི་ལས་འགན་དང་བྱེད་ཐབས་བཅུ་བཞི་གཏན་འཁེལ་གསལ་བོ་བྱས་ཡོད། ལག་བསྟར་བསམ་འཆར་ལས་བསྟན་དོན། ཏང་གིས་ཤེས་བྱའི་ཐོན་དབང་བྱ་བར་འགོ་ཁྲིད་པར་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། ཤེས་བྱའི་ཐོན་དབང་བྱ་བའི་འགྲོ་སོང་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས་ལ། དཔྱད་འཇོག་དཔྱད་ཞིབ་ལ་ཤུགས་སྣོན་ཞིང་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་དབང་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་གི་ཤེས་བྱའི་ཐོན་དབང་བྱ་བའི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་པར་ཡིད་འཇོག་བྱེད་དགོས་པར་མ་ཟད། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་ནས། ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱ་བ་དེ་ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་ཁྱབ་ཁོངས་སུ་འཇོག་དགོས།