ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་གྱི་དགོང་མོར། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་བ་མཇུག་སྒྲིལ་བའི་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་བཅས་མཇུག་སྒྲིལ་མཛད་སྒོར་ཞུགས།
པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་བ་མཇུག་སྒྲིལ་བའི་མཛད་སྒོ་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་རྒྱལ་ཁབ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་བཅས་མཇུག་སྒྲིལ་མཛད་སྒོར་ཞུགས།
ཞི་བདེ་དང་ལས་དབང་གཅིག་མཐུན་ཚོགས་པའི་རོལ་དབྱངས་ཁྲོད་དུ་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་དང་པ་ཧི་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་ཕེབས་ཏེ་མང་ཚོགས་ལ་གུས་པའི་ཕྱག་བརྡ་གནང་བ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
དགོང་མོའི་དུས་ཚོད་བརྒྱད་སྟེང་། མཇུག་སྒྲིལ་མཛད་སྒོའི་ཐོག་མའི་འཁྲབ་སྟོན་དངོས་སུ་འགོ་བརྩམས།
དེའི་རྗེས་སུ་ཚང་མ་ཡར་ལངས་པ་དང་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་དུ་འོད་མདངས་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་ཡར་བསྒྲེངས།
དེར་མཐུད་ནས་ཞི་ལའི་རྒྱལ་དར་ཡར་སྒྲེང་བ་དང་ཞི་ལའི་རྒྱལ་གླུ་དཀྲོལ་བའི་མཛད་སྒོ་བསྡུས།
ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་དར་སྤྲོད་ལེན་མཛད་སྒོ་བསྡུས་པ་དང་། པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་ཁྲིན་ཅི་ཉིང་གིས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་དར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ལ་བྱིན་པ་དང་། པ་ཧི་ཡིས་ཚོགས་དར་དེ་སྐབས་རྗེས་མའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་གཙོ་སྒྲུབ་བྱེད་པའི་གྲོང་ཁྱེར་དེ་དབྱི་ཐ་ལིའི་མུས་ལན་གྲོང་ཁྱེར་གྱི་ཧྲི་ཀྲང་སཱ་ལ་དང་ཁི་ཨར་ཏིས་ན་ཏན་ཕེ་ཙོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀའེ་ཏིས་ན་གཉིས་ལ་བྱིན། ཡུལ་དངོས་ནས་དབྱི་ཐ་ལིའི་རྒྱལ་གླུ་དཀྲོལ་བ་དང་དབྱི་ཐ་ལིའི་རྒྱལ་དར་ཡར་བསྒྲེངས་རྗེས། མུས་ལན་གྲོང་ཁྱེར་དང་ཁི་ཨར་ཏིས་ན་ཏན་ཕེ་ཙོ་གྲོང་ཁྱེར་གྱིས་ཡིད་དབང་འཕྲོག་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།
རྗེས་སུ་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚེ་ཆི་ཡིས་ཤིས་ཚིག་ཕུལ། ཁོས་བཤད་རྒྱུར། ནམ་ཡང་བརྗེད་དཀའ་བའི་ཉིན་བཅུ་དྲུག་གི་ནང་དུ་འཛམ་གླིང་གི་ས་གནས་སོ་སོ་ནས་ཡོང་བའི་ལུས་རྩལ་པ་རྣམས་ཀྱིས་རང་རང་གི་རྩལ་ནུས་མངོན་པར་བྱས་པ་དང་། སྔར་ལས་མགྱོགས་ཤིང་སྔར་ལས་མཐོ་བ་དང་སྔར་ལས་སྟོབས་ལྡན། སྔར་ལས་མཐུན་སྒྲིལ་བྱེད་པའི་ཨོ་རྩལ་འགྲན་ཚོགས་ཀྱི་ལེགས་བཤད་རྒྱུན་འཁྱོངས་དང་དར་སྤེལ་བྱས། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པ་དང་དེར་རྒྱབ་སྐྱོར་དང་བྱས་རྗེས་བཞག་པའི་གྲོགས་པོ་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་དང་ཁྱོད་ཚོས་ཀྱང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་དར་ཤུད་འགྲན་ཚོགས་དེ་དུས་རབས་གསར་བར་སྐྱོད་འགོ་བརྩམས་སུ་བཅུག་པ་དང་། ང་ཚོས་བརྗེད་དཀའ་བའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཉིན་འདི་དག་ཡིད་ལ་དམ་པོར་འཛིན་དགོས་པ་དང་། ལག་རྡང་སྦྲེལ་ཏེ་མིའི་རིགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས།
རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ཡིས་ཤིས་ཚིག་ཕུལ། ཁོས་བཤད་རྒྱུར། ང་ཚོས་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་སྲིད་གཞུང་གི་ལས་ཁུངས། དེ་མིན་ཀྲུང་གོ་ན་ཡོད་པའི་མཉམ་ལས་ཀྱི་གྲོགས་པོ་ཚང་མར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུ་བ་ཡིན། སྐབས་འདི་ནི་གཞན་དང་བསྡུར་ཐབས་མེད་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཤིག་ཡིན་པ་དང་། ང་ཚོས་ཀྲུང་གོ་ནི་དར་ཤུད་འགྲན་བསྡུར་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་འགྱུར་བའི་སྨོན་འདུན་ཞུ། མཇུག་མཐར་པ་ཧི་ཡིས་སྐབས་ཉེར་བཞི་བའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་བ་ཁྱབ་སྒྲོག་བྱས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་ན་གཞོན་རྣམས་ལོ་བཞིའི་རྗེས་སུ་མུས་ལན་དང་ཁི་ཨར་ཏིས་ན་ཏན་ཕེ་ཙོ་ནས་མཉམ་འཛོམས་བྱེད་པ་དང་། སྐབས་ཉེར་ལྔ་བའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་དགོས་པའི་འབོད་སྐུལ་བཏང་།
པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་མཇུག་སྒྲིལ་མཛད་སྒོར་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།