མཚོ་སྔོན་ཞིང་ཆེན་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པ་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་ཟི་ལིང་དུ་བསྡུས་ནས། རྒྱལ་ཁབ་ཀྱི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། བྱ་བའི་སྙན་ཞུ་ལ་ཉན་ཞིང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་མ་ཟད། གོ་རིམ་རྗེས་མའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གིས་གཏམ་བཤད།
འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཅེ་ཞང་དང་ཡུས་ཚོང་ལི། དབྱང་ཧྥིན་ཁྲུན། ལིའུ་ཐོ། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་བཅས་གྲོས་ཚོགས་ལ་ཞུགས།
ཝང་ཅན་ཅུན་གྱིས་བསྟན་དོན། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗེད་དཀའ་བའི་དོན་ཆེན་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཡུན་རིང་འཕེལ་རྒྱས་དང་འབྲེལ་བའི་ཇུས་ཆེན་ཡིན་པས། ཆབ་སྲིད་གླེང་བའི་མཐོ་ཚད་དུ་འགྲེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱས་ནས། རྨ་ཆུའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་རྩ་གནད་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་བྱེད་པ། རང་བྱུང་དང་ཆོས་ཉིད། སྐྱེ་ཁམས་ལ་དད་གུས་བྱེད་པའི་སྔོན་འགྲོའི་འོག སྒྲིག་ལམ་ཡོད་པ་དང་གྲིམ་ལྷོད་ཡོད་པར་བྱེད་པ་དང་གཏན་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། སྲུང་སྐྱོབ་དང་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ལེན་པ་དང་ཁྱད་ཆོས་ལྡན་པར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་དགོས། སྲུང་སྐྱོང་དང་བཅོས་སྐྱོང་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། རྨ་ཆུའི་བྱ་བ་བཟང་བོར་བསྒྲུབ་པ་དང་། སྲུང་སྐྱོབ་ནི་ཆེས་བཟང་བའི་ལམ་ལུགས་ཡིན་ལ། གནད་དོན་དག་ཐེར་ལེགས་བསྒྱུར་བྱེད་པ་ནི་ཆེས་ཕན་འབྲས་ལྡན་པའི་སྲུང་སྐྱོབ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་བ་ཡོད་ཚད་སེམས་ཞིབ་མོས་བཟང་བོར་བསྒྲུབ་པ་དང་། རྙེད་པའི་གནད་དོན་ཚང་མ་མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱེད་པ། གནས་པའི་ཉེན་ཁ་ཚང་མ་རེ་རེ་བཞིན་གྲལ་བཤེར་བྱེད་པ། སྲ་བརྟན་དུ་གཏོང་དགོས་པ་ཚང་མ་དུས་ཡུན་རིང་བོར་དམ་འཛིན་བྱེད་དགོས། སྲུང་སྐྱོབ་དང་འཕེལ་རྒྱས། བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། མ་ལག་ཆ་ཚང་བ་དང་རྩོལ་ནུས་མཐུན་སྦྱོར། ལེགས་བསྡུས་ཕན་མཐོ། ལྗང་མདོག་རིག་ནུས། ཚོད་འགོག་རིམ་ལྡན། བདེ་འཇགས་བློ་བདེའི་ཆུ་དྲ་འཛུགས་པ་དང་། ཆུ་ཁུངས་སྐྱིལ་གསོག་གི་སྟོད་རྒྱུད་ཀྱི་བྱས་རྗེས་འཇོག་པ། རྨ་ཆུ་ཟི་ལིང་དུ་འདྲེན་པ་སོགས་ཀྱི་བཟོ་སྐྲུན་གལ་ཆེན་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་གཏན་འཇགས། དམངས་ཚིས་ལེགས་བསྒྱུར། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས། འགན་འཁྲི་ནམ་ཡང་ཕྲག་ཏུ་འཁུར་བའི་བློ་སྤོབས་དང་འཚོལ་སྙེག་ལ་བརྟེན་ནས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་པ་དང་། ངས་རྨ་ཆུ་ལ་བརྩི་མཐོང་བྱེད་པ་དང་རྨ་ཆུ་ནམ་ཡང་ངའི་སེམས་ན་ཡོད་པའི་འདུ་ཤེས་བརྟན་པོ་འཛུགས་པ། རྨ་ཆུའི་བདེ་འཇགས་ལ་གཏོར་བརླག་བྱེད་པའི་སྤྱོད་ཚུལ་ཡོད་ཚད་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་པ། སེམས་ཤུགས་ཡོད་རྒུས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་མཉམ་འབྲེལ་གྲོས་ཚོགས་དང་ཆུ་དཔོན་མཚོ་དཔོན་སྐོར་ཞིབ་རོགས་ལས་མཉམ་ལས་སོགས་ལམ་ལུགས་ལག་བསྟར་བྱེད་པ། རྒྱུན་ཤེས་རང་བཞིན་གྱི་ནོར་འཁྲུལ་མི་འབྱུང་བར་བྱེད་པ་དང་། འཐབ་ཇུས་རང་བཞིན་དང་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་མི་འབྱུང་བར་བྱེད་པ། སྣང་མེད་དང་ལྷོད་གཡེང་། འགན་ཤོར་འགན་འཛོལ་བྱུང་བ་བཅས་ཀྱི་རྐྱེན་གྱིས་སྤྱི་ཡོངས་ལ་གནོད་ཐེབས་པ་དང་ཐ་ན་འགན་འཁྲི་རྩད་གཅོད་བྱེད་པའི་གནད་དོན་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། རྨ་ཆུའི་འགོ་ཁུངས་སྲུང་སྐྱོབ་བཅོས་སྐྱོང་བྱེད་པའི་མཚོ་སྔོན་གྱི་རྒྱུགས་ལན་སྤྲད་དེ། ཀྲུང་ཧྭ་མི་རིགས་ཡུན་རིང་བོར་འཕེལ་རྒྱས་སུ་གཏོང་བའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། མཉམ་དུ་སྲུང་སྐྱོབ་ཆེན་པོ་དམ་འཛིན་བྱེད་པ་དང་མཉམ་དུ་བཅོས་སྐྱོང་ཆེན་པོ་སྤེལ་བའི་འཐུས་ཇུས་ཀྱི་ཁྲིད་ཕྱོགས་ལ་རྒྱུས་ལོན་བྱེད་པ་དང་། འཆར་གཞི་བཟང་བོ་འགོད་པ་རྒྱུན་འཁྱོངས་བྱེད་པ། རང་རྟོགས་སྒོས་གོང་རིམ་ཇུས་འགོད་མ་ལག་སྒྲོམ་གཞིའི་གཟབ་ནན་རང་བཞིན་དང་དབང་ཟིལ་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། ཆེད་དོན་འཆར་གཞི་སྒྲིག་བཟོ་བྱེད་པ་དང་འཐུས་ཚང་དུ་གཏོང་བ། ཆ་སྡེབས་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་དང་ཞིབ་འཇུག་བྱེད་པ། ཞིང་ཆེན་ཡོངས་ཀྱིས་གཅིག་གྱུར་འཆར་འགོད་བྱེད་པ་དང་རིམ་པ་བགོས་ནས་ལག་བསྟར་བྱེད་པའི་སྲིད་ཇུས་འཆར་འགོད་མ་ལག་གྲུབ་པར་བྱས་ཏེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་འཚོལ་བ། གནད་དོན་ལ་ཐད་ཀར་ཁ་ཕྱོགས་ཕོད་པ། སྟོབས་ཤུགས་ཡོད་རྒུས་གནད་དོན་ཐག་གཅོད་པ། དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ། འབྱུང་སླ་བ་དང་ཡང་བསྐྱར་འབྱུང་སླ་བའི་གནད་དོན་ལ་དོགས་ཟོན་བྱེད་པ། རྣམ་འགྱུར་བརྟན་པོ་དང་ཤུགས་ཡོད་བྱེད་ཐབས་ལ་བརྟེན་ནས་རིགས་མི་འདྲ་བའི་གནད་དོན་སྣ་ཚོགས་དག་ཐེར་ལེགས་བཅོས་བཟང་བོ་བྱེད་པ་དང་སྔ་མོ་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། སྲིད་ཇུས་ལག་བསྟར་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ཁོར་ཡུག་གི་གནད་དོན་བཅོས་སྐྱོང་དང་ཆུ་གྲོན་ཆུང་ནན་མོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པར་དམིགས་ནས། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་བར་གྱི་སྙན་ཞུ་བརྗེ་རེས་ལ་ཤུགས་སྣོན་པ་དང་། རང་ཞིང་གི་ཞིབ་སྡུར་དགེ་མཚན་ལ་རྐང་འཛུགས་པ། ཤུགས་འདོན་ས་དང་ཐོད་བརྒལ་བྱེད་ས་འཚོལ་བ། ལས་གཞི་བཟང་བོ་འདེམ་པ། སྔོན་དུས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ། སྲིད་ཇུས་དང་ལས་གཞི། མ་དངུལ་གྱི་རྒྱབ་སྐྱོར་སྔར་ལས་མང་པོ་བརྩོན་ལེན་བྱེད་པ། གོང་ལ་དམིགས་ནས་བརྩོན་ལེན་བྱེད་པ་དང་འཕྲེད་གཞུང་ལ་དམིགས་ནས་མཉམ་ལས་ལ་དོ་སྣང་བྱེད་པ། ཞིང་ཆེན་ནང་ཁུལ་དུ་བསམ་བཀོད་གཅིག་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་བའི་རྨ་ཆུའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་ཇུས་གཞིའི་ལས་འགན་གཙོ་བོའི་གསལ་ཁྲ་དང་སྲིད་ཇུས་གསལ་ཁྲ་གཙོ་བོ། བཟོ་སྐྲུན་གསལ་ཁྲ་གཙོ་བོ་དང2022ལོའི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་གཙོ་གནད། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི2021ལོ་ནས2035ལོའི་འཆར་གཞི། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཆུའི་བདེ་འཇགས་འགན་སྲུང་འཆར་གཞི། རྨ་ཆུའི་བཞུར་རྒྱུད་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དར་སྤེལ་འཆར་གཞི། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་ནགས་རྩྭའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་གཞི་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
རིན་ཆེན་མཚོས་བསྒྱུར།