ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་བོད་ཀྱི་ལོ་སར་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2022.03.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཅན་ཅུན་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གསུམ་པའི་ཚེས་གསུམ་ཉིན་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་རྣམས་ལ་བོད་ཆུ་ཕོ་སྟག་ལོའི་གནམ་ལོ་གསར་ཚེས་ཀྱི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། 

རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་འདི་ལྟར་བཀོད་ཡོད། 

ཞིང་ཆེན་ཡོངས་ཀྱི་སྙིང་ཉེ་བའི་བོད་རིགས་སྤུན་ཟླ་རྣམ་པ། བོད་ཆུ་ཕོ་སྟག་གི་ལོའི་གནམ་ལོ་གསར་ཚེས་ཀྱི་སྐབས་འདིར་ཁྱེད་ཅག་ལ་དུས་ཆེན་གྱི་འཚམས་འདྲི་བྱས་པ་ཡིན།

འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་སྟོན་དུ་བཟུང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་ཐིག་ཏུ་བྱས་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་བྱས་ནས་གྲོང་ཁྱེར་དང་ཁུལ་བརྒྱད་དང་། བརྒྱ་ཆའི་བདུན་ཅུའི་རྫོང་མཁར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་དཔེ་སྟོན་ས་ཁུལ་དུ་འཛུགས་སྐྲུན་བྱས་པ་དང་། ཞིང་ཆེན་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་བཟང་བ་དང་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་ཕྱིན་བ། སྤྱི་ཚོགས་རྒྱུན་མཐུད་གཏན་འཇགས་ཡིན་པ། མི་རིགས་མཐུན་སྒྲིལ་ཡར་རྒྱས་བྱུང་བ། ཆོས་ལུགས་དུས་རབས་དང་མཐུན་པའི་རྣམ་པ་བཟང་བོ་མངོན་ཡོད།

ད་ལོ་ནི་སྔ་རྗེས་རྒྱུན་མཐུད་དང་། སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱི་ལོ་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ཀྱིས་མི་རིགས་སོ་སོ་དང་ཕྱོགས་སོ་སོ་དང་ལྷན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ལ་སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་ལ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་གཏན་འཇགས། ཆོས་ལུགས་འཆམ་མཐུན་བཅས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་མཉམ་དུ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་གསར་བ་བསྐྲུན་པ་བཅས་བྱས་ཏེ། གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ཀྱི་ལོ་སར་ལ་བཀྲ་ཤིས་ཤིང་ཁྱིམ་ཚང་བདེ་སྐྱིད་ལྡན་པ་དང་། བཀྲ་ཤིས་བདེ་ལེགས་ཞུ།