ཟླ་དགུ་པའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བཞུགས་མོལ་བྱེས་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། གཏན་ཁེལ་གཉིས་དོན་འཁྱོལ་བྱེད་པ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། གུང་ཧོའི་གཞོང་ས་དར་སྤེལ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་མཚོ་ལྷོའི་བྱས་རྗེས་མངོན་པར་བྱེད་དགོས།
ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ཚ་ཧན་ཏ་བ་སྡེ་བ་རུ། ཏང་ཀྲི་པུའུ་ཡིས་འགོ་ཁྲིད་དེ་སྒྲུབ་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་འབྲོག་དམངས་ཡོང་སྒོ་བགོ་བཤའ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། ལུགས་དང་མཐུན་པའི་སྒོ་ནས་རྩྭ་ས་བེད་སྤྱོད་བྱེད་པ་དང་། བཤས་ཁོངས་སུ་གཏོང་འབོར་ཇེ་མཐོར་གཏོང་བ། གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། ཡོང་སྒོ་འཕར་སྣོན་བྱེད་པའི་ལམ་བུ་རྒྱ་སྐྱེད་དགོས། ཐར་ལ་ཐང་ཉི་འོད་ནུས་པའི་ཐོན་ལས་ར་བ་རུ། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ལས་གཞི་འཛུགས་སྐྲུན་དང་འཁོར་སྐྱོད། ལག་རྩལ་གསར་བ་བཀོལ་སྤྱོད། ལྗང་གློག་ཕྱིར་སྐྱེལ། ཉི་འོད་ནུས་པའི་སྐྱེ་ཁམས་ཕྱུགས་ལས་སོགས་ཀྱི་གནས་ཚུལ་ལ་ཉན་པ་དང་། ལྗང་མདོག་གློག་དང་སྐྱེ་ལྡན་ལུག ཐཱན་ཇེ་ཉུང་དུ་གཏོང་བ་དང་མང་ཚོགས་ཕྱུག་པོར་བསྒྱུར་བའི་འཁོར་རྒྱུག་འཕེལ་རྒྱས་རྣམ་པར་ཁས་ལེན་གང་ལེགས་བྱས་ནས་བསྟན་དོན། ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་ངང་ཐན་ཇེ་ཉུང་དུ་གཏོང་བའི་བྱ་བ་བསྒྲུབ་པའི་ཐད་ནས་སྔོན་འཛུགས་ཕྱིར་གཏོར་བྱེད་དགོས་པ་དང་། ང་ཚོས་འཛུགས་པའི་སྟེང་བྱས་རྗེས་འཇོག་པ་། ལས་རིགས་ཀྱི་རྒྱལ་སྤྱིའི་ཚད་གཞི་གཏན་འབེབས་བྱེད་པར་སྣེ་ཁྲིད་བྱས་ནས། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མ་འོངས་འཕེལ་རྒྱས་དང་འཁོར་རྒྱུག་བེད་སྤྱོད་ཐད་རྨང་གཞི་བཟང་བོ་བཏིངས་པ་དང་། གཞི་ཁྱོན་ཕྱིར་སྐྱེལ་དང་ས་དེ་ནས་ཕྱོགས་བསྡུས་ལོངས་སྤྱོད་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་པ། ནུས་གསོག་ཐོན་ལས་དང་ཆ་སྡེབས་གློག་ཁུངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
མཚོ་ལྷོ་ཁུལ་གྱི་བྱ་བའི་སྙན་ཞུ་ལ་ཉན་རྗེས། ཞིན་ཁྲང་ཞིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོས་དགེ་མཚན་ལ་རྐང་འཛུགས་པ་དང་སྦས་ཤུགས་སྔོག་འདོན་བྱེད་པ། ནང་འགུག་ཕྱི་འབྲེལ་བྱས་པས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། ཁུལ་ཡོངས་ཀྱིས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་ཧ་ཅང་བརྟན་པ་དང་དཀའ་སྤྱད་འབད་འཐབ་ཀྱི་སྤོབས་པ་སྔར་ལས་ཆེ་ལ། ཐོད་བརྒལ་རྗེས་སྙེག་གི་གནས་བབ་སྔར་ལས་བཟང་། ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། མིག་སྔར་དང་ཡུན་རིང་གི་ཟུང་འབྲེལ་བྱེད་ས་བཙལ་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་ཞུགས་དགོས། མཚོ་སྐོར་སྐྱེ་ཁམས་ར་བ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ས་ཁུལ་འཛུགས་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་སྔོན་དུས་ཀྱི་བྱ་བ་བསྒྲུབ་པ། མཚེའུ་དང་རྩྭ་ས། ཉ། བྱེའུ། མི་བཅས་མཉམ་གནས་བྱེད་པའི་མ་ལག་སྲུང་སྐྱོབ་བཟང་བོ་བྱེད་པ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་བསྐྱིལ་གསོག་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་བ། ཐཱན་གཉིས་དམིགས་འབེན་གྱི་སྔོན་བསྐྱོད་ཚོད་ལྟར་གཙིགས་འཛིན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ་དང་། ཆུ་དང་ཉི་འོད། རླུང་། ཚ་དྲོད་བཅས་ནུས་མང་ཁ་གསབ་དང་འདུས་གྲུབ་ལེགས་བསྒྱུར་གྱི་འཕེལ་རྒྱས་རྣམ་པ་འཛུགས་པ། དག་གཙང་ནུས་ཁུངས་དང་གཞི་གྲངས་ཆེན་པོའི་ཐོན་ལས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། མཐོ་སྒང་དང་ལྗང་མདོག དག་གཙང་ཁུལ་ལ་རྐང་འཛུགས་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་པ། མཚོ་སྔོན་པོ་དང་རྨ་ཆུའི་སྐྱེ་ཁམས་རིག་གནས་ཀྱི་རིན་ཐང་སྔོག་འདོན་བྱས་ནས། ཁུལ་ཡོངས་གནས་སྐོར་གྱི་བྱ་བ་བཟང་བོར་བསྒྲུབ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱེད་པ་དང་། གནང་སྤྲོད་གསུམ་དང་ཕན་ཡོད་གཅིག་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་དང་སྤྱི་ཚོགས་བཅོས་སྐྱོང་དང་དམངས་ཚིས་ལེགས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་རྩོལ་ནུས་དང་རྩ་འཛུགས་མ་ལག་འཛུགས་སྐྲུན། ཏང་ཡོན་གྱི་སྤྱོད་ཚུལ་སྦྱོང་བརྡར་ཇེ་དྲག་ཏུ་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཚང་མ་འཐབ་འཛིང་གི་བཙན་རྫོང་དུ་འཛུགས་སྐྲུན་བྱེད་པ། ཏང་ཡོན་ཚང་མ་དངོས་གཉེར་ཁག་ཁུར་གྱི་གདོང་ལེན་དཔེ་སྟོན་དུ་སྦྱོང་བརྡར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་དྲིན་ལན་མི་བརྗེད་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་སྐབས་བསྟན་དོན། མཚོ་ལྷོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་གྲུབ་ཆ་གལ་ཆེན་དང་། གུང་ཧོ་གཞོང་ས་དར་སྤེལ་གཏོང་བའི་གཡུལ་ས་གཙོ་བོ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་སོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ཁྲོད་འདྲེས་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས། གཞི་གྲངས་དཔལ་འབྱོར། སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་སོགས་ཕྱོགས་ནས་ཁག་ཁུར་འབད་འཐབ་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོག་ས་འཛུགས་སྐྲུན་བྱེད་པའི་སྟེང་ཁག་ཁུར་བྱེད་ཕོད་པར་བྱེད་པ་དང་། གཞི་རྩ་ཇེ་བརྟན་དུ་གཏོང་བར་དོ་སྣང་བྱེད་པ། ཆུ་དྭངས་རི་ལྗང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། སྟོབས་ཤུགས་ཡོད་རྒུས་ཆུའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་ཐད་ཤུགས་བཏོན་ནས། སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་དགོས། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྟེང་ཁག་ཁུར་བྱེད་ཕོད་པར་བྱེད་པ་དང་། ནུས་ཁྱོན་རྒྱུན་མཐུད་ངང་རྒྱ་སྐྱེད་པ། དག་གཙང་ནུས་ཁུངས་བསྒྱུར་བ། ཚན་རྩལ་གསར་གཏོད་བྱེད་པ། ནུས་མང་ཁ་གསབ་ཀྱི་ནུས་ཁུངས་གསར་བའི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ཏེ། ཐོན་ཁུངས་དགེ་མཚན་དཔལ་འབྱོར་དགེ་མཚན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་སྤེལ་བྱེད་པའི་སྟེང་ཁག་ཁུར་བྱེད་ཕོད་པར་བྱེད་པ་དང་། རྨོ་ཞིང་གི་བདེ་འཇགས་དམར་མཚམས་བརྟན་སྲུང་བྱེད་པ། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་ཚད་མཐའ་བརྟན་སྲུང་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་དོ་སྣང་བྱེད་པ། སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ། སྤུས་འདེགས་ཚད་སྐྱེད་དང་ཐོན་ལས་མུ་ཐག་རྒྱུན་བསྲིང་བ། ཚོང་རྟགས་འཛུགས་སྐྲུན་བྱེད་པའི་སྟེང་ཤུགས་བཏོན་ནས། གྲོང་གསེབ་དར་སྤེལ་དམ་འཛིན་བྱེད་དགོས། སྤུས་ལེགས་ཐོན་ལས་སྐྱེད་སྲིང་བྱེད་པའི་སྟེང་ཁག་ཁུར་བྱེད་ཕོད་པར་བྱེད་པ་དང་། མུ་མཐུད་དུ་སྤུས་འདེགས་ནུས་སྤེལ་བྱེད་པའི་སྟེང་ཤུགས་འདོན་པ། གཞི་གྲངས་ཆེན་པོའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། གཞི་གྲངས་དཔལ་འབྱོར་རུ་བསྒྱུར་བར་སྐུལ་འདེད་གཏོང་བ། རང་བྱུང་མཛེས་ལྗོངས་དང་མི་གཞུང་དར་སྲོལ་ལ་རྐང་བཙུགས་ཏེ། ཁྱད་ལྡན་གནས་སྐོར་ཐོན་ལས་ཀྱི་ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་དང་སྐྱེད་སྲིང་བྱེད་དགོས།
ཡུས་ཚོང་ལི་རྟོག་ཞིབ་བཞུགས་མོལ་ལ་ཞུགས།