མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤོམ་དོན་གཉེར་བའི་གྲོས་ཚོགས་དང་ལྟེ་གནས་ཚན་ཆུང་གི་ཆེད་དོན་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
2022.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཞི་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་སྤོམ་དོན་གཉེར་བའི་གྲོས་ཚོགས་དང་ལྟེ་གནས་ཚན་ཆུང་གི་ཆེད་དོན་གཞུང་ལུགས་བགྲོ་གླེང་ཚོགས་འདུ་བསྡུས་ནས། རྟོག་ཞིབ་གྲུབ་འབྲས་མཉམ་སྤྱོད་བྱས་པ་དང་། སློབ་སྦྱོང་ནན་མོ་དང་བསམ་གཞིགས་ཟབ་མོ་བཏང་ལ། བརྗེ་རེས་གཏམ་བཤད་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་གྲོས་ཚོགས་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བའི་ཐད་བསམ་བློ་དང་གཞུང་ལུགས་ཀྱི་རྨང་གཞི་བཏིངས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པད་གཉིས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་དང་དབྱིན་པད། ཡུས་ཚོང་ལི། མ་ཅི་ཞའོ། ཁྲིན་རུའེ་ཧྥིན། ལིའུ་གི་ཕིང་། ཝང་ལིས་མེན། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡའེ་ཞ། ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། དབྱང་ཧྥིན་ཁྲུན། ལིའུ་ཐོ། ལིའུ་ཁྲའོ། ཏུའུ་ཅེ། ཀྲང་ཞའོ་རོང་། ཀྲ་ཅིག་ཆིན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ལྟེ་གནས་ཚན་ཆུང་གི་བློ་མཐུན་གཞན་པས་ཡིག་ཐོག་གཏམ་བཤད་ཀྱི་ཡིག་ཆ་སྤྲད།

ཞིན་ཁྲང་ཞིང་གིས་བསྟན་དོན། ཐེངས་འདིའི་སྤོམ་དོན་གཉེར་བའི་གྲོས་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་པ་དང་། རླབས་ཆེན་ཏང་འཛུགས་ཀྱི་དགོངས་པ་དར་སྤེལ་གཏོང་བ། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། འགན་འཁྲི་ཁག་ཁུར་བྱེད་ཕོད་པར་བྱེད་པ། གསར་འབྱེད་གསར་གཏོད་བྱེད་པ། དཀའ་སྤྱད་མདུན་སྐྱོད་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ལམ་བུ་གསར་བ་བཏོད་དེ། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བ་བརྗོད་དོན་དུ་བྱས་ཏེ། མྱོང་ཚོར་གླེང་བ་དང་ཁྱད་ཆོས་བཤད་པ། གཙོ་གནད་ལ་དམིགས་པ། གནད་དོན་ལ་ཁ་ཕྱོགས་ནས་བར་ཐག་འཚོལ་བ་དང་བསམ་ཚུལ་བཤད་པ། ཐབས་ཇུས་བཀོལ་བ་བཅས་བྱས་པ་དང་། དེ་ནི་གནས་བབ་ལ་ལྟ་ཞིབ་དང་སྤྱི་ཡོངས་ལ་འཆར་འགོད་བྱེད་པ། ཡུན་རིང་ལ་བལྟ་བ། བསམ་ཕྱོགས་ལེགས་འགོད་བྱེད་པའི་གྲོས་ཚོགས་ཤིག་དང་། བློ་བསྡུས་དགེ་འཚོལ་དང་བློ་སྒོ་འབྱེད་པ། བདེན་འཚོལ་དངོས་གཉེར་དང་ཇུས་འགོད་ལག་བསྟར་བྱེད་པའི་གྲོས་ཚོགས་ཤིག་ཡིན།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་རྒྱུས་ལོན་གཏིང་ཟབ་བྱེད་པ། ཆེས་ཆེ་བ་གསུམ་གྱི་གནས་ཐིག་གཏན་ཁེལ་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་དམིགས་ནས། ཞན་ཆ་དང་མི་འདང་ས། དཀའ་ཁག ཉེན་པ་དང་འགྲན་རྩོད་ལ་དབྱེ་ཞིབ་བྱེད་པ་དང་། གནད་དོན་ཐག་གཅོད་ཐོད་བརྒལ་བྱེད་ས་རུ་བྱས་ནས། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བསམ་ཕྱོགས་བྱེད་ཐབས་ལ་ཞིབ་འཇུག་བྱེད་དགོས། འཕེལ་རྒྱས་ལག་ལེན་ཐད་ནས་བསམ་གཞིགས་ཞིབ་མོ་གཏོང་བ་དང་། ཆེད་བསྐོས་བྱ་བར་ཞིབ་འཇུག་ཟབ་མོ་བྱེད་པ། སྤྱི་ཡོངས་ཀྱི་བྱ་བར་རྒྱུས་ལོན་གསལ་བོ་བྱེད་པ། མིག་སྔར་གྱི་བྱ་བར་གཅིག་གྱུར་སྒོས་བསམ་གཞིགས་གཏོང་བ། ཡུན་རིང་གི་འཕེལ་རྒྱས་ལ་འཐབ་ཇུས་འཆར་འགོད་བྱེད་པ། ལངས་གནས་མཐོར་འདེགས་གཏོང་བ། མིག་རྒྱ་ཆེར་སྐྱེད་དེ། མིག་སྔར་དང་ཐ་ན་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་བྱ་བ་བཟང་བོ་བསྒྲུབ་པའི་ཐད་རིག་སྟོབས་གཅིག་བསྡུས་དང་ཐུན་མོང་གི་ལྟ་བ་གཅིག་བསྡུས་བྱེད་དགོས། སྤྱོད་ཚུལ་ལེགས་བསྒྱུར་བྱེད་པའི་ཐད་ནས་སྣང་ཚུལ་གསར་བ་མངོན་པར་བྱེད་པ་དང་། མུ་མཐུད་དུ་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་པ། བསམ་འཆར་ལ་ཉན་པ། གནད་དོན་ཁྱེར་ནས་་གཞི་རིམ་དུ་བསྐྱོད་པ་དང་བསམ་གཞིགས་ཁྱེར་ནས་ཕྱིར་ལོག་པ། ཐུན་མོང་གི་ལྟ་བ་ཞིང་ཆེན་ཏང་གི་འཐུས་མིའི་གྲོས་ཚོགས་ཐེངས་བཅུ་བཞི་པའི་སྙན་ཞུ་ཁྲོད་བསྡུ་ལེན་བྱེད་པ། བྱེ་བྲག་གི་བྱ་བའི་བཀོད་སྒྲིག་ཏུ་བསྒྱུར་ནས། སྲིད་ཇུས་ཐད་ནས་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་དགོས་མཁོ་མང་ཚོགས་ལ་བཤད་པ། མང་ཚོགས་ལ་བློ་འདྲི་བ་བཅས་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།