ཞིང་ཆེན་སྲིད་གཞུང་གིས་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ་དང་ཝུའུ་ཞོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
2022.04.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་ལྔ་བ་གྲོལ་རྗེས། ཞིང་ཆེན་སྲིད་གཞུང་གིས་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་ཏེ། ལག་བསྟར་དང་དངོས་འབེབས་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཝུའུ་ཞོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལྟར། གནད་འགག་ཁོང་དུ་ཆུད་པར་བྱེད་པ་དང་རྩ་ལག་མཉམ་བཅོས་བྱེད་དགོས་ལ། རྒྱུན་འཁྱོངས་ལྷོད་མེད་སྒོས་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་གཏིང་ཟབ་ཏུ་སྤེལ་བ་དང་། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཝུའུ་ཞོ་ཅུན་གྱིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། རྙོག་འཛིང་དང་ཛ་དྲག་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་དང་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཤིང་། རྒྱུན་མཐུད་སྒོས་སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། སྲིད་ཇུས་དངོས་འབེབས་དང་འགན་ནུས་སྒྱུར་བ། ལྟ་སྐུལ་དོ་དམ། སྲོལ་ངན་བཞི་ཡོ་བསྲང་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་བ་འགོ་བཟང་བོ་ཞིག་ཚུགས་པ་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་ཆབ་སྲིད་འགན་སྲུང་འདོན་སྤྲོད་བྱས།

ཝུའུ་ཞོ་ཅུན་གྱིས་བསྟན་དོན། ད་ལོའི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་སྐབས། ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་ཡོངས་ལ་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཏན་འཁེལ་གཉིས་ཀྱི་ཆོད་དོན་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བྱས་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་དང་། བརྟན་འཇགས་གཙོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་དགོས་ལ། ཧུར་ཐག་སྒོས་འགན་འཁྲི་ལག་བསྟར་བྱེད་པ་དང་རང་འགུལ་སྒོས་ལས་འགན་ཁག་ཁུར་བྱེད་པ། ལྔར་ལས་བཟང་བའི་སྒོ་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། ཁྲལ་འཕྲི་ཡོན་གཅོག་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ནས། ཁེ་ལས་ཀྱི་དཀའ་ཁག་སེལ་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས། ནོར་སྲིད་དཔལ་འབྱོར་སྒྲིག་ལམ་ལ་གཟབ་ནན་བྱས་ཏེ། རྒྱུན་མཐུད་སྒོས་ནོར་སྲིད་དཔལ་འབྱོར་དོ་དམ་ཆེད་ལས་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། སྔོན་རྩིས་དོ་དམ་ནུས་པ་ཇེ་ཆེར་གཏོང་བ། བརྟན་བརླིང་དང་གོ་རིམ་ལྡན་པར་ཉེན་ཁར་དོགས་ཟོན་དང་ཞི་འཇགས་སུ་གཏོང་བ། རྒྱུན་མཐུད་སྒོས་ལྟ་སྐུལ་ཤུགས་ཚད་ཇེ་ཆེར་བཏང་ནས། གྲོན་ཆུང་གི་འཚོ་བ་རོལ་བའི་བསམ་བློ་ཆགས་པར་བྱེད་དགོས། རྒྱུན་མཐུད་སྒོས་སྲིད་གཞུང་གི་འགན་ནུས་སྒྱུར་བར་སྐུལ་འདེད་གཏོང་བ་དང་། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་སྲིད་འཛིན་དབང་ཆའི་འཁོར་སྐྱོད་ཚད་ལྡན་དུ་བཏང་ནས། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་སྲོལ་ངན་བཞི་ཡོ་བསྲང་བྱས་ཏེ་དར་སྲོལ་བཟང་བོ་ཆགས་པར་བྱེད་པ་དང་། ཤུགས་ཆེན་པོས་བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ་དར་སྤེལ་བྱེད་པ། བློ་ཐག་རྦད་ཆོད་སྒོས་ཚུལ་མིན་གྱི་སྤྱོད་ཚུལ་ཡོང་བསྲང་དང་བཅོས་སྒྱུར་བྱེད་པ། མང་ཚོགས་ཀྱི་ཉེ་འཁོར་དུ་གནས་པའི་རུལ་སུངས་གནད་དོན་ལ་དག་ཐེར་དང་བཅོས་སྒྱུར་བྱེད་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་གཙོ་གཞིའི་འགན་འཁྲི་དང་ལེན་བཟང་བོ་བྱེད་པ། ལས་གཅིག་འགན་གཉིས་དངོས་འབེབས་གང་ལེགས་བྱས་ནས། བློ་དཀར་དག་གཙང་གི་ཁག་ཁུར་དང་དམངས་དོན་དུ་དངོས་གཉེར་སྤྱོད་གཙང་ཡིན་པའི་ཆབ་སྲིད་རང་མདངས་ཉམས་པ་མེད་པར་བྱེད་དགོས།

ཝུའུ་ཞོ་ཅུན་གྱིས་དེང་སྐབས་འཕེལ་རྒྱས་དམ་འཛིན་དང་རིམས་ནད་འགོག་སྡོམ། བདེ་འཇགས་ཐོན་སྐྱེད་བཅས་དོན་ཆེན་གསུམ་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས། དཔལ་འབྱོར་བཀོད་སྒྲིག་ཞབས་ཞུ་ལ་ཤུགས་སྣོན་ཞིང་ལས་གཞིའི་དངུལ་གཏོང་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་དངོས་འབེབས་བྱེད་པ་སོགས་བྱ་བ་གཙོ་བོ་དམ་འཛིན་བྱེད་པར་ནུས་ཤུགས་གང་ཡོད་བཏོན་ནས། ལོ་ཧྲིལ་བོའི་བརྟན་འཇགས་འགན་སྲུང་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། ལྔ་གཅིག་དུས་ཆེན་སྐབས་སུ་མི་སྣ་འཁོར་རྒྱུག་ཆེ་བ་སོགས་ཀྱི་དོན་དངོས་ལ་དམིགས་ཏེ། རྒྱུན་མཐུད་སྒོས་ཕྱི་འགོག་ནང་མཆེད་དང་ནང་འགོག་བསྐྱར་མཆེད་ཀྱི་རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱས་ནས་ཚད་མཐའ་བརྟན་སྲུང་བྱེད་དགོས། བདེ་འཇགས་ཐོན་སྐྱེད་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་།  དུས་ཆེན་སྐབས་ཀྱི་ལས་རེས་བྱ་བ་བཟང་བོར་བསྒྲུབ་ནས།  ཉེན་ཁ་སྣ་ཚོགས་ལ་ཞིབ་བཤེར་དང་དག་ཐེར། བཅོས་སྐྱོང་ནན་མོ་བྱེད་པ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་དབྱང་ཧྥིན་ཁྲུན། ལིའུ་ཐོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཚེ་རིང་ཐར། ལིས་ཧོང་ཡ་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ཏུ་འབྲེལ་ཡོད་ས་ཁུལ་དང་ལས་ཁུངས། ཁེ་ལས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།