ཟླ་ལྔ་པའི་ཚེས་དྲུག་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་བཅས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལྟར། རང་སྐྲུན་ཁང་བའི་བདེ་འཇགས་ཉེན་ཁ་རྟོག་སེལ་བཅོས་སྐྱོང་དང་རིམས་ནད་འགོག་སྡོམ་སོགས་བྱ་བར་ཞིབ་འཇུག་བྱས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཁྲང་ཧྲ་སྡོད་དམངས་ཀྱི་རང་སྐྲུན་ཁང་བ་བརྡིབས་པའི་དོན་རྐྱེན་ཐད་བཀོད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་དང་སློབ་སྦྱང་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ། ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་དང་ཚེ་སྲོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། དོན་རྐྱེན་རྗེས་ཀྱི་གནད་དོན་དེ་རང་སྟེང་གི་མི་མངོན་པའི་ཉེན་ཁ་རུ་བརྩི་བ། ཉེན་ཁ་དོན་རྐྱེན་དུ་བརྩི་བ། དུས་ནམ་ཡང་དོགས་ཟོན་བྱེད་པ་དང་མེ་ལོང་དུ་འཛིན་པ། བསམ་བློའི་ངོས་ཟིན་སྟེང་ཡང་བསྐྱར་ཉེན་ཟོན་བྱེད་པ། གཙོ་གནད་ལས་འགན་སྟེང་ཡང་བསྐྱར་གཙིགས་སུ་འཛིན་པ། འགན་འཁྲི་ལག་བསྟར་སྟེང་ཡང་བསྐྱར་ལྟ་སྐུལ་བྱེད་པ། ལས་འགན་ལག་བསྟར་བྱེད་པའི་སྟེང་ཡང་བསྐྱར་ཇེ་མགྱོགས་སུ་གཏོང་བ། འགན་འཁྲིའི་འདུ་ཤེས་བརྟན་པོས་ཚོང་གཉེར་རང་བཞིན་གྱི་རང་སྐྲུན་ཁང་བའི་བདེ་འཇགས་ཉེན་ཁ་ཁྱོན་ཡོངས་ནས་རྟོག་སེལ་དང་བཅོས་སྐྱོང་བྱས་ཏེ། རིགས་མི་འདྲ་བའི་དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས།
ཚོགས་ཐོག་ཏུ་ཟླ་ལྔ་པའི་ཚེས་ལྔ་ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་རིམས་ནད་འགོག་སྡོམ་བྱེད་ཕྱོགས་སྲིད་ཇུས་ལ་ཁྱོན་ཡོངས་ནས་ངོས་འཛིན་གཏིང་ཟབ་དང་ཆ་ཚང་བ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཀླད་པ་གསལ་བོ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་བྱེད་པ་དང་ནང་ནས་ཕྱིར་འབྱུང་བའི་སྤྱིའི་ཇུས་ཆོད་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བསམ་བློའི་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་གཏོང་བ། འགོག་སྡོམ་ནུས་པ་མཐོར་འདེགས་གཏོང་བ། འགོག་སྡོམ་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། མཉམ་འགོག་མཉམ་སྡོམ་རྒྱུན་འཁྱོངས་བྱེད་པ། རང་རྒྱལ་གྱི་རིམས་འགོག་བྱེད་ཕྱོགས་སྲིད་ཇུས་འཁྱོག་བཤད་བྱེད་པ་དང་ཐེ་ཚོམ་ཟ་བ། ཁས་མི་ལེན་པའི་གཏམ་སྤྱོད་ཡོད་ཚད་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་པ། དུས་བབ་དང་གནས་བབ་ལ་བསྟུན་ནས་རིམས་འགོག་བྱེད་ཐབས་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ། རིམས་འགོག་གྲུབ་འབྲས་མཐའ་གཅིག་ཏུ་སྲ་བརྟན་དུ་གཏོང་དགོས།
གྲོས་ཚོགས་ནས་ཟླ་བཞི་པའི་ཚེས་ཉེར་དགུ་ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་བྱ་བའི་གནས་བབ་ཀྱི་བརྡར་གཅོད་གལ་ཆེན་དང་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། ཕྱིར་བཏོན་པའི་སྲིད་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པ། ལས་གཞིའི་སྔོན་དུས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ། ས་ཞིང་དང་བྱེད་ནུས། ཁོར་ཡུག་དཔྱད་འཇོག་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ཕན་ཡོད་དངུལ་གཏོང་གི་གནད་འགག་ནུས་པ་དང་འཛད་སྤྱོད་ཀྱི་དཔལ་འབྱོར་འཁོར་རྒྱུག་ཐད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། དངོས་ཟོག་སྐྱེལ་འདྲེན་གེགས་མེད་ཡོང་བར་ཤུགས་སྣོན་པ། ཞིང་ལས་ཐོན་སྐྱེད་དམ་འཛིན་བྱེད་པ། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱས་ནས། སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས།
ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སོ་བརྒྱད་པར་མགོ་འཛིན་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ཆ་རྐྱེན་འོག་གི་རང་རྒྱལ་གྱི་རིགས་མི་འདྲ་བའི་མ་རྩ་དང་ནུས་པ་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། མ་རྩ་གཞུང་ལུགས་ཞིབ་འཇུག་དང་། མ་རྩ་དང་ཁེ་ཕན་བགོ་བཤའ་གནད་དོན་ཐག་གཅོད་ཡང་དག་བྱེད་པ། མ་རྩ་ཚོང་རའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། མ་རྩ་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པ། མ་རྩ་བཅོས་སྐྱོང་ཕན་ནུས་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་སོགས་གཙོ་གནད་ལ་དམིགས་པ། བྱ་བའི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། མ་རྩ་བཅོས་སྐྱོང་གི་ནུས་པ་མཐོར་འདེགས་བཏང་སྟེ། རིགས་མི་འདྲ་བའི་མ་རྩ་སྣ་ཚོགས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་དགོས།
གྲོས་ཚོགས་ནས་ཟླ་བཞི་པའི་ཚེས་ཉེར་བདུན་ཉིན་དང་ཟླ་ལྔ་པའི་ཚེས་ལྔ་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དགོངས་དོན་དང་སྲིད་ཇུས་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། སྲིད་ཇུས་གནད་ལ་འཁེལ་བ་སྤྱོད་པ། ལག་བསྟར་དམ་འཛིན་བྱེད་པ། ལས་ཞུགས་གཏན་འཇགས་དང་དཔལ་འབྱོར་བརྟན་བརླིང་ངང་འཁོར་རྒྱུག་བྱེད་པ་རྒྱུན་འཁྱོངས་བྱེད་པ། དངོས་ཟོག་སྐྱེལ་འདྲེན་གེགས་མེད་སྲིད་ཇུས་ཇེ་དྲག་ཏུ་གཏོང་བ། ཁེ་ལས་ཆུང་འབྲིང་ཕྲན་གསུམ་དང་སྒེར་ཚོང་གཉེར་མཁན་གྱི་དཀའ་སེལ་བྱ་བ་བཟང་བོར་བསྒྲུབ་པ། ཚོང་རའི་གཙོ་གཞི་འགན་སྲུང་བྱེད་པར་བརྟེན་ནས་ལས་ཞུགས་གཏན་འཇགས་སུ་བཏང་སྟེ། ཕྱི་ཕྱོགས་ཉོ་ཚོང་གི་གཏན་སྲུང་སྤུས་འདེགས་ལ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱིས༢༠༢༢ལོར་སྡེབ་སྒྲིག་རང་བཞིན་གྱི་ཁྲལ་དངུལ་རྒྱབ་སྐྱོར་སྲིད་ཇུས་གསར་བ་ལག་བསྟར་བྱེད་པའི་བྱེད་ཐབས་འགའ་དང་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་དམངས་ཀྱི་རང་སྐྲུན་ཁང་བ་འཛུགས་སྐྲུན་དོ་དམ་བྱེད་ཐབས། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་ཚོགས་སྐབས་གཉིས་པའི་སྤྱི་ཁོག་གི་ཇུས་གཞི་བཅས་ལ་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། ཚོགས་ཐོག་ཏུ། གཞི་ཁྱོན་སྔར་ལས་ཆེ་བའི་སྡེབ་སྒྲིག་རང་བཞིན་གྱི་ཁྲལ་དངུལ་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ནས། སྲིད་གཞུང་ཡོང་སྒོའི་འཕྲི་རྩིས་དེ་ཁེ་ལས་ཕན་འབྲས་ཀྱི་སྣོན་རྩིས་དང་ཚོང་རའི་གསོན་ཤུགས་ཀྱི་སྒྱུར་རྩིས་སུ་བསྒྱུར་དགོས། ཉེ་རིང་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱེད་པ་དང་། འགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་དང་འགག་སྒོ་སྔོན་བསྣུར་བྱེད་པར་དོ་སྣང་བྱས་ཏེ། རོང་འབྲོག་དམངས་ཀྱི་རང་སྐྲུན་ཁང་བ་བཀོལ་སྤྱོད་དོ་དམ་ཐད་ཤུགས་སྣོན་དགོས། གྲོན་ཆུང་དང་དངོས་གཉེར། སྤྲོ་སེམས་ལྡན་པ། ཞིབ་ལེགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཀྱི་འགྲེམ་སྟོན་གྲོས་ཚོགས་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱི་གློག་སྐས་བདེ་འཇགས་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་། བཟོ་བཅོས་ལེགས་བསྒྱུར་བྱས་རྗེས། རྒྱུར་རིམ་ལྟར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་རེ་བ་བཏོན།
གྲོས་ཚོགས་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།