ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས།
2022.05.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་ལྔ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་དང་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་གནས་ཚུལ་གྱི་ཡར་ཞུ་ལ་ཉན་པ་དང་། རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བལྟས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱིས་མཐོ་ཚད་གསར་པ་ནས་རང་རྒྱལ་གྱི་རིམས་ནད་འགོག་སྡོམ་བྱེད་ཕྱོགས་ལ་སྤྱི་སྡོམ་ཆ་ཚང་མཛད་ཡོད་པས། ང་ཚོའི་འགོག་སྡོམ་བྱེད་ཕྱོགས་ནི་ཏང་གི་ངོ་བོ་དང་དམིགས་བྱས་ཐག་བཅད་པ་དང་། འགོག་སྡོམ་སྲིད་ཇུས་ཀྱིས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་ལ། འགོག་སྡོམ་བྱེད་ཐབས་ནི་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་ཆོད་གཏམ་གལ་ཆེན་ལ་ངོས་འཛིན་དང་རྒྱུས་ལོན་ཟབ་མོ་བྱས་ཏེ། གཏན་ཁེལ་གཉིས་ལ་ལྷག་བསམ་རྣམ་དག་གིས་སྲུང་སྐྱོབ་བྱེ་པ་དང་སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པའི་མཐོ་ཚད་ནས་ལངས་ཤིང་། བསམ་བློ་དང་སྦྱོར་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས། འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ཀྱིས་བསམ་བློའི་སྟེང་དང་ཆབ་སྲིད་སྟེང་། འགུལ་སྐྱོད་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་དགོས་པར་འདོད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་རང་ཞིང་གི་རིམས་ནད་འགོག་སྡོམ་གནས་བབ་ཀྱི་ཚབས་ཆེན་རང་བཞིན་དང་རྙོག་འཛིང་རང་བཞིན། དགོས་གཏུག་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཡིད་ཆེས་བརྟན་པོ་དང་དུས་ཚོད་དམ་འཛིན་གྱིས་སྐར་ཁུང་ལྟ་བུའི་དུས་སྐབས་དམ་དུ་བཟུང་ནས་མྱུར་ཞིང་བློ་ཐག་ཆོད་པོས་ཐག་གཅོད་བྱས་ཏེ། ནུས་ཤུགས་ཆེས་ཆེ་བ་དང་མགྱོགས་ཚད་ཆེས་མྱུར་བའི་སྒོ་ནས་སྤྱི་ཚོགས་ངོས་ཀྱི་གཙང་སེལ་མངོན་འགྱུར་བྱེད་དགོས། གྲལ་བཤེར་འགོག་སྡོམ་གྱི་བྱེད་ཐབས་རིམ་སྤོར་བྱེད་པ་དང་། སྤྱི་ཚོགས་ངོས་ཀྱི་འགོག་སྡོམ་ལ་ཤུགས་བསྣན་ནས། འདུ་འཛོམས་རང་བཞིན་གྱི་འགོས་མཆེད་འབྱུང་སྲིད་པའི་སྤྱི་ཚོགས་བྱ་འགུལ་སྣ་ཚོགས་མཚམས་འཇོག་དགོས་པ་དང་། ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་བཟང་པོ་བྱེད་པ་དང་། འགོ་ཁུངས་རྩད་ཞིབ་བྱེད་ཤུགས་ཇེ་ཆེར་གཏོང་བ། བརྒྱུད་སྐྱེལ་དང་ལོགས་བཀར། སྡུད་བཅོས་སོགས་ཀྱི་བྱེད་ཐབས་སྣ་ཚོགས་མྱུར་དུ་དོན་འཁྱོལ་བྱེད་པ། རྒན་གསོ་ཁང་དང་བཀག་སྐྱིལ་ཁང་། སློབ་གྲྭ་སོགས་གནས་ཡུལ་གཙོ་བོའི་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་བྱས་ཏེ། རིམས་ནད་འགོས་མཆེད་ཀྱི་རྒྱུ་ལམ་མཐའ་གཅིག་ཏུ་གཅོད་དགོས། ཕྱི་ནས་ནང་དུ་མཆེད་པ་འགོག་པའི་བྱ་བར་ཕཡོགས་ཡོངས་ནས་ཤུགས་བསྣན་ཏེ། ས་ཁོངས་ཀྱི་འགན་འཁྲི་དང་ལྷག་པར་དུ་ཡུལ་ཚོ་དང་གྲོང་རྡལ་གྱི་སྲང་ལམ་དང་། ཞིང་སྡེ་དང་སྡེ་ཁུལ་བཅས་ལ་འགན་འཁྲི་ནན་དཀྲི་བྱས་ཏེ། མཚོ་སྔོན་དུ་ཡོང་བ་དང་མཚོ་སྔོན་དུ་ཕྱིར་ལོག་པའི་མི་ཚང་མའི་ཐོག་ཏུ་རིམས་ནད་འགོག་སྡོམ་གྱི་བླང་བྱ་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། ཁེ་ལས་གཙོ་བོའི་ཐོན་སྐྱེད་ཚོང་གཉེར་དང་དངོས་རྫས་སྐྱེལ་འདྲེན་ལ་འགན་སྲུང་བྱས་ཏེ། མང་ཚོགས་ཀྱི་འཚོ་བའི་ཉེར་མཁོ་དངོས་རྫས་མཁོ་འདོན་བྱེད་པ་དང་དེའི་རིན་གོང་བརྟན་འཇགས་སུ་གཏོང་བའི་བྱ་བ་བཟང་པོར་སྒྲུབ་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། རྒྱལ་ངེས་ཀྱི་ཡིད་ཆེས་བཅངས་པ། མི་འདང་ས་འཚོལ་བ། ཞན་ཆ་གསབ་པ། ངོས་འཛིན་གྱིས་མི་འདང་བ་དང་གྲ་སྒྲིག་གིས་མི་འདང་བ། བྱ་བས་མི་འདང་བ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཁྱད་དུ་སེལ་བ་དང་། མཐོང་ཆུང་བྱེད་པ་དང་སྣང་མེད་དུ་འཇོག་པ། ངའོ་སྙམ་པ་སོགས་ཀྱི་བསམ་བློ་མཐའ་གཅིག་ཏུ་ཁྱད་དུ་སེལ་བ། ལྷོད་གཡེང་གི་བསམ་བློ་དང་སུན་སྣང་གི་བསམ་བློ། སྟེས་དབང་གི་བསམ་བློ་བཅས་མཐའ་གཅིག་ཏུ་ཁྱད་སུ་སེལ་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་མཆོང་དཔེ་སྟོན་གྱི་ནུས་པ་ལེགས་པར་བཏོན་ནས། གཟབ་ནན་དང་རྣལ་མའི་བྱ་སྤྱོད་ལ་བརྟེན་ནས་ཚོད་བགམ་མྱོང་དགོས། ཁག་ཁུར་མི་བྱེད་པ་དང་འགན་མི་འཁུར་བ། གོ་སྐབས་འཛོལ་དུ་འཇུག་པ། ཐག་གཅོད་བྱེད་སྐབས་ཐེ་ཚོམ་བྱེད་པ་སོགས་ལས་མཇུག་འབྲས་ཚབས་ཆེན་བཟོས་ཚེ། འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། རིམས་ནད་འགོག་ཐུབ་པ་དང་དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ་བཅས་བྱེད་པའི་བླང་བྱ་གལ་ཆེན་ལྟར། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་། དུས་ནམ་ཡང་ལྷོད་གཡེང་དུ་མི་གཏོང་བའི་འགན་འཁྲིའི་འདུ་ཤེས་བཅངས་ཏེ། ཁག་ཁུར་ཡར་བརྩོན་དང་བདེན་འཚོལ་དངོས་གཉེར་གྱིས་རང་གི་འགན་འཁྲི་ཁུར་དུ་བླངས་ནས། མཚོ་སྔོན་གྱི་དོན་དག་མཉམ་དུ་བཟང་པོར་སྒྲུབ་དགོས། དེ་དང་མཉམ་དུ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་འཇོན་མི་གོང་སྤེལ་འཆར་གཞི་ལག་བསྟར་དོན་འཁྱོལ་བཟང་པོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བློ་གྲོས་ཀྱི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་ནོར་སྲིད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པར་བཀོད་སྒྲིག་གསར་པ་བྱས་པ་དེར་དོན་སྙིང་ཆེན་པོ་ལྡན་པ་དང་ཐོབ་དཀའ་བའི་གོ་སྐབས་ཤིག་ཀྱང་ཡིན་པས། གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ། ཇུས་འགོད་ཟབ་མོ་དང་རང་འགུལ་གྱིས་སྦྲེལ་མཐུད། གཅིག་གྱུར་སྟངས་འཛིན་བཅས་བྱེད་པ་དང་། ཕན་ནུས་ཅན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་གཉིས་ཟུང་སྦྲེལ་སྔར་ལས་བཟང་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པར་དམ་དུ་དམིགས་པ། འགྲིམ་འགྲུལ་དང་ནུས་ཁུངས། ཆུ་བེད་སོགས་ཁྱབ་ཁོངས་གལ་ཆེན་གྱི་ལས་གཞི་ཆེན་པོ་དང་ལས་གཞི་བཟང་པོར་ཇུས་འགོད་བྱས་ཏེ། རྨང་གཞིའི་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་འདེགས་པ་དང་། གསར་དར་རྨང་གཞི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཡུན་རིང་གི་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་འདིང་དགོས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་བརྒྱད་པའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་མ་རྩའི་བདེ་ཐང་འཕེལ་རྒྱས་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་དང་དེར་ཁྲིད་སྟོན་བྱེད་པའི་དོན་སྙིང་གལ་ཆེན་རྒྱས་བཤད་ཟབ་མོ་གནང་ཡོད་པས། དགོངས་དོན་གྱི་ངོ་བོར་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས་ནས། ཆབ་སྲིད་ཀྱི་མིག་རྒྱས་དཔལ་འབྱོར་སྤྱི་ཚོགས་ཀྱི་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱེད་མཁས་པར་བྱེད་པ་དང་། མ་རྩ་ནི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་ཐོན་སྐྱེད་རྒྱུ་རྐྱེན་གལ་ཆེན་ཡིན་པའི་ནུས་པ་གལ་ཆེན་སྔར་ལས་བཟང་པོར་འདོན་སྤེལ་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བར་བྱེད་པའི་མཐའ་ཚད་བརྟན་སྲུང་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། རྒྱལ་ཡོངས་ཀྱི་རང་བསྐྲུན་ཁང་བའི་བདེ་འཇགས་ཆེད་དོན་བཅོས་སྐྱོང་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ལྟར། ཚོང་གཉེར་རང་བཞིན་གྱི་རང་བསྐྲུན་ཁང་བ་གཙོད་གནད་དུ་བཟུང་སྟེ། ཆོས་ལུགས་བྱ་འགུལ་སྤེལ་ས་དང་སྡེ་དམངས་ཀྱིས་དོན་དག་སྒྲུབ་ས་སོགས་མི་ཚོགས་མང་དུ་འདུ་ཡུལ་རྣམས་ལྟ་སྐུལ་དོ་དམ་བྱ་ཡུལ་དུ་བཞག་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རང་བསྐྲུན་ཁང་བའི་བདེ་འཇགས་ཉེན་ཁར་ཕྱོགས་ཡོངས་ནས་རྩད་ཞིབ་བཅོས་སྐྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པར་ཟུང་སྦྲེལ་བྱས་ཏེ། སྔོན་ལ་དོགས་ཟོན་བྱེད་པ་དང་། སྔོན་ལ་བཀག་འགོག་བྱེད་པ། བསླབ་བྱ་བསྡུ་ལེན་བྱེད་པ་བཅས་བྱས་ནས། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་ཉེན་ཁར་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་ནུས་ཡོད་བཅོ་ལྔ་དོན་འཁྱོལ་བཟང་པོ་བྱེད་པ། གནོད་འགོག་གནོད་སེལ་གྱི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་ནས། དོན་རྐྱེན་ཆེན་པོའི་རིགས་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།