མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2022.05.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་པ་མ་ཟད། འབྲེལ་ཡོད་བྱ་བར་གྲོས་ཞིབ་བྱས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱིས། གུང་གཞོན་ཚོགས་པའི་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། ན་གཞོན་གྱི་འཚར་ལོངས་ཐད་ཐུགས་ཁུར་བྱེད་པ་མཚོན་ལ། མར་ཁེ་སི་རིང་ལུགས་ཀྱི་ན་གཞོན་ལྟ་བའི་ཆེས་གསར་བའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། དུས་རབས་གསར་བའི་ཀྲུང་གོའི་ན་གཞོན་ལས་འགུལ་ལ་སྣེ་ཁྲིད་བྱེད་པའི་རྩ་གནད་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་སློབ་ཆེན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་གོ་འཇིག་རྟེན་འཕུར་གྲུ་ཚན་རྩལ་སྡེ་ཚོགས་བར་སྣང་ས་ཚིགས་བཟོ་སྐྲུན་ན་གཞོན་རུ་ཁག་གི་འཕྲིན་ཡིག་ལ་ཟུང་འབྲེལ་བྱེད་པ། ཅི་མ་ཅི་བཞིན་དུ་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ། དོན་སྙིང་གལ་ཆེན་ལ་རྒྱུས་ལན་གཏིང་ཟབ་བྱེད་པ། གོ་དོན་ཕུན་སུམ་ཚོགས་པ་དང་ནང་དོན་གཙོ་བོ། ལག་ལེན་རེ་བར་རྒྱུས་ལོན་གསལ་བོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡིད་ལ་འཛིན་པ་དང་ལག་བསྟར་བཟང་བོ་བྱེད་པ། གྲུབ་འབྲས་ལེན་ཐུབ་པར་བྱེད་དགོས། དྲིལ་སྒྲོག་སྒྲོག་འགྲེལ་གཏིང་ཟབ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་དམིགས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཏང་གི་རྗེས་སུ་འབྲངས་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ། ཚོགས་ཆེན་ཉི་ཤུ་པ་བསུ་མ་བྱེད་པ་དང་། ནམ་ཡང་ཏང་གི་རྗེས་སུ་འབྲངས་པ། བསྐྱོད་ལམ་གསར་བར་ཞུགས་པ་སོགས་བརྗོད་དོན་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བར་ཟུང་འབྲེལ་བྱས་ཏེ། དམར་པོའི་གཞི་རྒྱུ་དང་གསར་བརྗེའི་མེ་ལྕེ་མི་རབས་ནས་མི་རབས་སུ་རྒྱུད་མཆེད་བྱེད་ཐུབ་པར་བྱེད་དགོས། སྦྱངས་པ་གོ་ཆོད་རྒྱུན་འཁྱོངས་བྱེད་པ་དང་། ན་གཞོན་ལོ་ཆུང་གིས་སློབ་སྦྱོང་གི་གྲུབ་འབྲས་དེ་ཏང་དང་སེམས་གཅིག་བྱེད་པ་དང་ཏང་གི་རྗེས་སུ་འབྲངས་ནས་འབད་འཐབ་བྱེད་པ། ཏང་སེམས་བདེ་བར་བྱེད་པ། རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་ཐད་ནས་ང་རང་ཡོད་པའི་བསམ་བློ་རང་རྟོགས་སུ་བསྒྱུར་བར་སྣེ་ཁྲིད་བྱེད་པ། ལས་རྐང་ལ་རྐང་འཛུགས་པ་དང་འཚར་ལོངས་བྱུང་བ་དང་གོ་ཆོད་པའི་མི་ཞིག་ཏུ་འགྱུར་བ། འབད་འཐབ་མདུན་སྐྱོད་བྱེད་པ། བྱས་རྗེས་འཇོག་པའི་འགུལ་སྐྱོད་རང་རྟོགས་སུ་བསྒྱུར་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་སྟོབས་གསར་དམག་དཔུང་དང་འཕྲལ་རྒོལ་རུ་ཁག་གི་ནུས་པ་འདོན་སྤེལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཆེན་པོའི་ལག་ཤེས་པའི་གསར་གཏོད་བརྗེ་རེས་གྲོས་ཚོགས་སྐབས་དང་པོའི་སྟེང་སྤྲིངས་པའི་རྟེན་འབྲེལ་ཞུ་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་བ་བྱེད་པ་དང་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། ལས་བཟོ་བའི་བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ། རིམས་ནད་འོག་གི་ལས་བཟོ་བའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ངལ་རྩོལ་དཔེ་ལེགས་པའི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ངལ་རྩོལ་ལ་བརྩི་མཐོང་བྱེད་པ་དང་ངལ་རྩོལ་པར་བརྩི་བཀུར་བྱེད་པའི་སྣང་ཚུལ་སྟུག་པོ་བསྐྲུན་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་ལོ་རྒྱུས་ལ་སྤྱི་སྡོམ་དང་སློབ་སྦྱོང་། སློབ་གསོ། དྲིལ་སྒྲོག་བྱེད་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པ་དང་ལོ་རྒྱུས་བསླབས་ནས་དད་སེམས་བསྐྱེད་པ། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ། ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་བའི་སྟེང་ཤུགས་འདོན་པ་དང་། ཉིན་རྒྱུན་དུ་དམ་འཛིན་བྱེད་པ་དང་ཉིན་རྒྱུན་ཁྲོད་འདྲེས་པར་བྱས་ནས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་བྱེད་དགོས། རྒྱུན་རྣམ་ཅན་དུ་བསྒྱུར་བའི་སྟེང་ཤུགས་འདོན་པ་དང་། སློབ་སྦྱོང་གཙིགས་སུ་འཛིན་པ་མ་ཟད། ལག་བསྟར་ལ་དེ་ལས་ཀྱང་མཐོང་ཆེན་བྱེད་པ་དང་། གཙོ་གནད་ལས་འགན་བགོ་བཤའ་བྱེད་པ། བྱེ་བྲག་གི་འགན་འཁྲི་ལག་བསྟར་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་དགོས། ཡུན་ཕན་ཅན་དུ་བསྒྱུར་བའི་སྟེང་ཤུགས་འདོན་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་དགོངས་དོན་ལ་རྒྱུས་ལོན་བྱེད་པ། དོན་དངོས་བསྒྲུབ་པ། རྣམ་པ་གསར་བ་བསྐྲུན་པའི་རེ་བ་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་སྟེང་ལག་བསྟར་བྱེད་པ། བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་བྱེ་བྲག་བྱ་བའི་ཁྲོད་མངོན་པར་བྱས་ཏེ། རིམས་ནད་འགོག་སྡོམ་དང་ཉེན་ཁ་འགོག་སྡོམ། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་གཏན་འཇགས་སུ་གཏོང་བ་སོགས་བྱ་བར་རྒྱུན་མཐུད་དམ་འཛིན་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། མིག་སྔར་གྱི་རྩ་འཛུགས་བྱ་བའི་ལས་འགན་གཙོ་བོར་དམིགས་པ་དང་། ཤེས་ལྡན་མི་སྣའི་བྱ་བ་དམ་འཛིན་བྱེད་པ། རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་ཕྱི་ནང་ལ་དམ་དུ་དམིགས་པ། འཕེལ་རྒྱས་ཀྱི་དགོས་མཁོ་ལ་རྐང་འཛུགས་པ། བཟོ་སྐྲུན་གཙོ་བོ་ཡིན་པའི་ཆ་ནས། ནང་འདྲེན་དང་སྐྱེད་སྲིང་། བཀོལ་སྤྱོད་བྱེད་པ་སོགས་ཕྱོགས་ནས་སྤུས་འདེགས་ནུས་སྤེལ་བྱེད་དགོས། ལས་བྱེད་པའི་བྱ་བ་དམ་འཛིན་བྱེད་པ་དང་། ཀྲུང་དབྱང་གི་བཀོད་སྒྲིག་ལྟར་ཞིང་ཆེན་རིམ་པའི་ཚན་ཁག་གི་སྐབས་བརྗེ་བྱ་བ་གོ་རིམ་ལྡན་པའི་ངང་བསྒྲུབ་པ་མ་ཟད། ན་གཞོན་ལས་བྱེད་པ་སྐྱེད་སྲིང་འདེམ་བསྐོ་བྱས་ཏེ། འཐབ་ཇུས་ཀྱི་མིག་རྒྱ་དང་ལས་བྱེད་པ་བཟང་བོའི་ཚད་གཞི་ལྟར་ཏང་སེམས་བདེ་བ་དང་མང་ཚོགས་ཀྱིས་ཁས་ལེན་པའི་རྒྱུད་འཛིན་པ་སྐྱེད་སྲིང་བྱེད་དགོས། གཞི་རིམ་རྩ་འཛུགས་ཀྱི་བྱ་བ་དམ་འཛིན་བྱེད་པ་དང་། གྲོང་གསེབ་དར་སྤེལ་དང་རིམས་ནད་འགོག་སྡོམ་སོགས་ཀྱི་ལས་འགན་ལྕི་མོའི་མདུན་དུ་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་སྡེ་སྦྱོང་བརྡར་བྱས་ནས། དཀའ་ངལ་ཁྱད་སེལ་བྱེད་པའི་ལག་ལེན་ཁྲོད་འཐབ་འཛིང་གི་བཙན་རྫོང་བརྟན་པོ་འཛུགས་པ་དང་གདོང་ལེན་དཔེ་སྟོན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྐོར་གྱི་ལག་བསྟར་གྲོས་གཞི་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་བགོ་བཤའ་བྱེད་པའི་ཇུས་གཞིའི་སྐོར་གྱི་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས་པ་དང་ད། ༢༠༢༢ལོའི་དམངས་གཙོ་གྲོས་མོལ་གྲོས་དོན་བཀོད་སྒྲིག་འཆར་གཞི་དང༢༠༢༢ལོའི་དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་གཙོ་གནད་རྟོག་ཞིབ་བརྗོད་གཞི་བཀོད་སྒྲིག་འཆར་གཞི་ལ་ཉན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ནང་དོན་གཙོ་བོར་བརྩིས་ནས། ཡུན་རིང་འཆར་འགོད་བྱེད་པ་དང་དུས་ཚོད་ཐུང་ངུའི་ནང་བཀོད་སྒྲིག་བྱེད་པ། ལས་འགན་བགོ་བཤའ་བྱེད་པ། རིམ་པ་བཞིན་འགན་འཁྲི་གཏན་ཁེལ་བྱེད་པ། བྱེད་ཐབས་སྣ་ཚོགས་ཕན་ནུས་ཡོད་པའི་སྒོ་ནས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་པོས་མི་རབས་རྗེས་མར་ཕན་འདོགས་དགོས། རིམ་པ་སོ་སོའི་ཏང་ཨུ་དང་དམངས་འཐུས་ཚོགས་ཆེན། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རང་ཉིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། རང་བབ་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། དམངས་ཆེན་བྱ་བའི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། རང་རྒྱལ་ལམ་ལུགས་ཀྱི་དམིགས་བསལ་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་ཨུས་མཐོང་ཆེན་བྱེད་པ་དང་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ། སྲིད་གྲོས་ཀྱིས་རང་འགུལ་བྱེད་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ལ་བརྟེན་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་ཤུགས་འདོན་དགོས།

ཚོགས་ཐོག་ནས་ད་དུང་ཀྲུང་དབྱང་གིས་མཚོ་སྔོན་ལ་སྐོར་ཞིབ་མཛད་སྐབས་ཡར་ཞུ་བྱས་པའི་གྲོས་གཞིའི་རྗེས་མཐུད་ལེགས་བཅོས་བྱ་བ་དང་རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ། མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་ཚོགས་པ་ངོ་སྤྲོད་བྱེད་ཡུལ་སོགས་བྱ་བར་ཞིབ་འཇུག་བྱས།

                                                                                                    རིན་ཆེན་མཚོས་བསྒྱུར།