ཟླ་ལྔ་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་དང་ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བཞུགས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཏན་ཁེལ་གཉིས་བརྩི་སྲུང་བྱེད་པ། སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་དོན་འཁྱོལ་ཆ་ཚང་དང་ཡང་དག་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་རུ་བསྐྱོད་པ་དང་། སེམས་ཤུགས་གཅིག་བསྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་ནུབ་གསར་བ་འཛུགས་སྐྲུན་བྱེད་དགོས།
ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་ཡི་ཅཱ་ལུད་ལས་སྣོན་འཁོར་ཁང་དང་པོ་དང་ཚོང་ཟོག་གཏོང་འདྲེན་བྱེད་གནས་སོགས་ལ་སོང་ནས། ཁེ་ལས་ཀྱི་རྒྱུ་ཆ་དང་ཐོན་སྐྱེད། སྐྱེལ་འདྲེན་བྱེད་ཤུགས། ཉོ་ཚོང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། ཐོན་ཁུངས་དང་ནུས་ཟད་དམིགས་ཚད་ལ་ཚོད་འཛིན་ནན་མོ་བྱེད་པའི་རྨང་གཞིའི་སྟེང་། ཐོན་ནུས་སྔོག་འདོན་དང་ཕྱིར་གཏོང་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཇེ་ཆེར་གཏོང་བ། བདེ་འཇགས་ཐོན་སྐྱེད་ཇེ་དྲག་ཏུ་གཏོང་བ། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཅཱ་ལུད་མཁོ་འདོན་ལ་འགན་སྲུང་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། ཚྭ་མཚོའི་ཐོན་ཁུངས་ཀྱི་དཀོན་པོའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། གོ་སྐབས་དམ་འཛིན་བྱས་ནས་ཐོན་ཁུངས་དགེ་མཚན་རྒྱུན་མཐུད་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས། ན་གོར་མོ་གྲོང་ཁྱེར་ཀའོ་ལི་མུའུ་ཏི་གྲོང་རྡལ་ཞིན་ཧྭ་སྡེ་བ་རུ། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་གྲོང་གསེབ་དར་སྤེལ་དུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། སྡེ་བས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པར་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་གཞི་ལག་བསྟར་བྱེད་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་ནས་ནན་གྱིས་བསྟན་དོན། ཚོང་རའི་དགོས་མཁོ་ལ་ཟུང་འབྲེལ་བྱས་ནས། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་རིམ་སྤོར་བྱེད་པ་དང་། ཚོང་ལམ་འབྱེད་པ། གཞི་ཁྱོན་རྒྱ་སྐྱེད་དེ། ཁྱབ་གདལ་དང་བཀོལ་སྤྱོད་བྱེད་ཆོག་པའི་ལམ་བུ་ཞིག་བཏོད་དགོས། གནོད་འཚེ་དང་ནད་བྱུང་བའི་དབང་གིས་ཕྱིར་དབུལ་བོར་འགྱུར་ཉེན་ཆེ་བའི་མི་ཚོགས་དང་མཐའ་ཁྱིམ་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་པ་དང་། རོགས་སྐྱོར་འདོན་སྤྲོད་བྱས་ནས། དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་གཏན་འཇགས་ངང་འཕར་སྣོན་འབྱུང་བར་ཁག་ཐེག་བྱེད་དགོས། ན་གོར་མོ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་རུ། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་ཞིན་བོད་གསུམ་གྱི་ན་གོར་མོ་སྐམ་སའི་གྲུ་ཁའི་ཚོང་ལས་གནས་སྐོར་དངོས་སྐྱེལ་ལྟེ་གནས་ཀྱི་ལས་གཞི་འཆར་འགོད་འཛུགས་སྐྲུན་དང་ཁུ་ནུ་དངོས་སྐྱེལ་ར་བའི་ལས་གཞི་གནས་ཚུལ་ལ་ཉན་པ་དང་། དངུལ་གཏོང་འཁོར་བསྐྱོད་དང་འགྱེད་འཕྲོའི་ཁྱབ་ཁོངས། ཆ་འཕྲིན་ཉོ་ཚོང་སྟེགས་བུ་འཛུགས་སྐྲུན་སོགས་གནས་ཚུལ་ཐད་ནས་གསལ་བོར་དྲིས་ནས་ནན་གྱིས་བསྟན་དོན། ཁུལ་གནས་ཀྱི་དགེ་མཚན་ལ་རྐང་འཛུགས་པ་དང་། ཚོང་རའི་དགོས་མཁོ་ལ་དམིགས་པ། བློ་སྒོ་འབྱེད་པ། གནས་ཐིག་གཏན་ཁེལ་ཡང་དག་འཚོལ་བ། ཡུན་རིང་བོར་བྱས་རྗེས་འཇོག་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་འདྲེས་པར་བྱེད་པའི་ཁྲོད་རྩོལ་ནུས་རྒྱ་སྐྱེད་དེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པའི་ཐད་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས།
མཚོ་ནུབ་ཁུལ་གྱི་བྱ་བའི་སྙན་ཞུ་ཞ་ཉན་རྗེས། ཞིན་ཁྲང་ཞིང་གིས་བསྟན་དོན། མཚོ་ནུབ་ཀྱིས་ཉེ་བའི་ལོ་འགའི་རིང་སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་ཀྱི་རྒྱུགས་ལེན་ཆེན་པོའི་བྱ་བར་འབད་བརྩོན་བྱས་པ་དང་། སྒུལ་ནུས་འཕེལ་རྒྱས་སུ་བཏང་བ་དང་བརྗེ་སྒྱུར་ཇེ་མགྱོགས་སུ་བཏང་ལ། དམངས་ཚིས་ལེགས་བསྒྱུར་ཐད་ནས་མདུན་གྲས་སུ་བསྐྱོད་པ་དང་། ཚགས་སྤེལ་རིམ་སྤོར་དང་ཐེངས་གཉིས་ལས་སྐྲུན་གྱི་གནད་འགག་དུས་སྐབས་སུ་དཔལ་འབྱོར་འཕེལ་རྒྱས་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས། ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ༢༠༡༦ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཕེབས་པའི་ས་ཚིགས་དང་པོ་ནི་མཚོ་ནུབ་ཡིན་པ་དང་། ན་ནིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་དེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་སྣེ་ཁྲིད་མཛུབ་སྟོན་བྱས། མུ་རིའི་གནད་དོན་མེ་ལོང་དུ་བཟུང་ནས། སྐྱེ་ཁམས་སྲུང་སྐྱོབ་ཐད་ཁྱོན་ཡོངས་ནས་ཤུགས་སྣོན་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་ངང་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཡོངས་འགྲུབ་བྱེད་པ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་གི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུ་རུ་བསྐྱོད་དགོས། གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་དེ་འདྲེན་བྱེད་དུ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐོན་ཁུངས་སྐས་རིམ་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད་ཀྱི་འཁོར་རྒྱུག་རང་བཞིན་གྱི་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ་དང་། མཐོ་སྒྲིག་གློག་ཁུངས་ནུས་པ་མཐོར་འདེགས་གཏོང་བ། དག་གཙང་ནུས་ཁུངས་ཕྱིར་སྐྱེལ་བགྲོད་ལམ་འཛུགས་སྐྲུན་བྱེད་པ། ཁོངས་ཡོངས་གནས་སྐོར་དང་ཡུལ་ལྗོངས་ཧྲིལ་བོའི་གནས་སྐོར། དུས་ཚིགས་ཧྲིལ་བོའི་གནས་སྐོར་དར་སྤེལ་བྱས་ནས། འཕང་འབྲས་དང་བྱེ་སྐྱེས་སྲོག་ཤིང་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། མཉམ་དུ་ཕྱུག་པོར་བསྒྱུར་བའི་དམིགས་འབེན་ལ་བརྟེན་ནས། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་བཟང་བོ་བྱེད་པ། སྤྱི་ཐུན་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས་བྱ་བ་སྣ་ཚོགས་ཁྲོད་འདྲེས་པར་བྱས་ཏེ། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་མཉམ་འཛུགས་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་དགོས། རང་ངོས་གསར་བརྗེའི་སྙིང་སྟོབས་སྣེ་ཁྲིད་དུ་བྱས་ནས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་དགོས། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱེད་པ། གཟབ་ནན་གྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། དྲང་ཚད་ནུས་པའི་ཁེངས་པའི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྲུན་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སྙིང་སྟོབས་ཆེར་སྐྱེད་པ་དང་བསྐྱོད་ལམ་གསར་བར་ཞུགས་པར་སྣེ་ཁྲིད་བྱས་ཏེ། མཚོ་ནུབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་དགོས།
ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་སྐབས་བསྟན་དོན། མཚོ་ནུབ་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་གོ་གནས་ཧ་ཅང་གལ་ཆེ་བ་དང་། དེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕར་སྣོན་སྣེ་གལ་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་བྱས་རྗེས་གསར་བ་འཇོག་དགོས། སྐྱེ་ཁམས་སྲུང་སྐྱོབ་ཁྲོད་རང་འགུལ་གྱིས་ཁག་ཁུར་བྱེད་དགོས། རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ནམ་ཡང་ཡིད་ལ་དམ་པོར་འཛིན་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་ལ་ཤུགས་སྣོན་པ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་བ་སྤེལ་བ། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་མཐུད་དམ་འཛིན་བྱས་ཏེ། གཅིག་གྱུར་སྒོས་མཁའ་དབུགས་དང་ཆུ། ས་ཞིང་ལ་མ་ལག་བཅོས་སྐྱོང་བྱེད་དགོས། གནས་བཞི་འཛུགས་སྐྲུན་ཁྲོད་དཔའ་སྐྱེད་འབད་བརྩོན་བྱེད་དགོས། ཚྭ་མཚོའི་ཐོན་ལས་འདུ་ཚོགས་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཚན་རིག་ཞིབ་འཇུག་གི་སྟེགས་བུ་འཛུགས་སྐྲུན་དང་གནད་འགག་ལག་རྩལ་གྱི་འགག་རྒོལ་བྱེད་ཚད་ཇེ་ཆེར་བཏང་ནས། གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན། འདུ་ཚོགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ནུས་ཁུངས་གསར་བའི་སྒྲིག་སྦྱོར་འཕྲུལ་འཁོར་གཞི་ཁྱོན་བརྟན་བརླིང་ངང་རྒྱ་སྐྱེད་དེ། ནུས་ཁུངས་གསར་བ་དང་གོ་མཚོན་བཟོ་སྐྲུན་ཐོན་ལས་གཉིས་ཆ་སྡེབས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། མཛེས་སྡུག་དང་རྔམ་བརྗིད་ལྡན་པ། ངོ་མཚར་ཆེ་བའི་ནུབ་ལམ་གནས་སྐོར་ས་ཁུལ་འཛུགས་སྐྲུན་བྱས་ནས། སྐྱེ་ཁམས་གནས་སྐོར་མ་ལག་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། འཕང་འབྲས་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་སྐྱེ་ལྡན་ཅན་དང་གཞི་ཁྱོན་ཅན། ཚོང་རྟགས་ཅན། ཚད་ལྡན་ཅན། གཞི་གྲངས་ཅན། དེང་རབས་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་སྒོ་འབྱེད་ཁྲོད་གྲུབ་འབྲས་བཟང་བོ་ལེན་དགོས། ཁུལ་གནས་དགེ་མཚན་འདོན་སྤེལ་བྱེད་པ་དང་། རང་འགུལ་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ། སྒོ་འབྱེད་ཀྱི་སྟེགས་བུ་འཛུགས་པ་དང་གེགས་མེད་ཀྱི་སྒོ་འབྱེད་ལམ་བུ་འཛུགས་པ། ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཆེར་སྐྱེད་པ། ཁྱབ་ཁོངས་སྔར་ལས་ཆེན་པོ་དང་ཁྱབ་ཁོངས་སྔར་ལས་ཡངས་པོ། རིམ་པ་སྔར་ལས་ཟབ་པའི་སྒོ་ནས་ཕྱི་་ཕྱོགས་སྒོ་འབྱེད་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་གྱི་མཐོ་གནས་གསར་བ་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་དར་སྤེལ་ཁྲོད་རྒྱུན་མཐུད་ངང་ཤུགས་འདོན་དགོས། ལྟ་ཞིབ་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དབུལ་ཐར་མི་གྲངས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་ཇེ་མང་དུ་གཏོང་བར་སྐུལ་འདེད་བཏང་ནས། ཤར་ནུབ་རྒྱུད་མཉམ་ལས་ལ་རྒྱབ་རྟེན་ནས་ཚོགས་སྒྲིག་རང་བཞིན་གྱི་སློབ་གསོ་དང་སྨན་བཅོས་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་དགོས། ཐོན་ལས་གཙོར་བཟུང་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེ་བརྟན་བརླིང་ངང་འཛུགས་སྐྲུན་བྱེད་པ། ཞིང་སྡེ་བཅོས་སྐྱོང་ནན་མོ་བྱས་ཏེ། མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་དགོས། རིམས་ནད་འགོག་སྡོམ་བྱེད་པ་དང་དཔལ་འབྱོར་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་བདེ་འཇགས་སུ་གཏོང་བའི་རེ་བ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་འགོག་ར་བརྟན་པོ་འཛུགས་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་བྱས་ནས། ཚད་ཆེ་བའི་སྒོ་ནས་རིམས་ནད་ཀྱི་དཔལ་འབྱོར་སྤྱི་ཚོགས་ཐད་ཀྱི་གནོད་པ་ཇེ་ཆུང་དུ་གཏོང་དགོས།
ཡུས་ཚོང་ལི་ཡིས་མཉམ་དུ་རྟོག་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།