ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། འབྲེལ་ཡོད་བྱ་བའི་ཡར་ཞུ་ལ་ཉན་ཞིང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
གྲོས་ཚོགས་ནས་ན་ནིང་གི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་ཆ་འཕྲིན་བྱ་བར་ཁས་ལེན་གང་ལེགས་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ད་ལོའི་དྲ་རྒྱའི་ཆ་འཕྲིན་བྱ་བ་བཟང་པོར་སྒྲུབ་དགོས་ན། ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་སྙིང་འདི་ལ་དམ་དུ་དམིགས་ནས། ཆབ་སྲིད་འདུ་ཤེས་དང་སྲིད་དབང་འདུ་ཤེས། གཡུལ་སའི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་སྟེ། དྭངས་གཙང་གི་དྲ་རྒྱའི་བར་སྟོང་ཞིག་བསྐྲུན་པ་དང་། ཆ་འཕྲིན་ཅན་གོང་སྤེལ་གྱི་ནུས་པ་ཇེ་དྲག་བཏང་ནས། མཉམ་འབྲེལ་དྲ་བའི་འགྱུར་ཚད་ཆེས་ཆེན་པོ་འདི་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་འཕར་ཚད་ཆེས་ཆེན་པོར་བསྒྱུར་དགོས། མི་སེམས་གཅིག་སྡུད་ཀྱི་བརྗོད་གཞི་འབུར་དུ་ཐོན་པར་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་ནས་ལོ་གཅིག་འགོར་བ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་སོགས་དུས་མཚམས་གལ་ཆེན་དམ་དུ་བཟུང་སྟེ། ཁྱད་སྟོབས་ཐོན་ཁུངས་དང་བྱ་བའི་སྟོབས་ཤུགས་གཅིག་བསྡུས་ཀྱིས་དྲ་ལམ་གྱི་བརྗོད་གཞི་དྲིལ་སྒྲོག་གཅིག་འདོམས་ཀྱིས་སྤེལ་བ་དང་། སྒྲོག་སྤེལ་ཐེབས་ཤེས་གསར་གཏོད་བྱས་ནས། ཤན་ཤུགས་ཡོད་པ་དང་དྲ་ཐོག་སྒྲོག་སྤེལ་ལ་འཚམ་པའི་དྲ་རྒྱའི་སྨྱན་བྱད་ཐོན་རྫས་གསར་པ་སྤེལ་ཏེ། ཏང་གི་གསུང་སྒྲ་དེ་དྲ་རྒྱའི་བར་སྟོང་གི་སྒྲ་ཆེས་ཆེན་པོར་འགྱུར་བར་བྱེད་དགོས། བདེ་འཇགས་སྲུང་བའི་ཚད་མཐའ་བརྟན་སྲུང་བྱས་ཏེ། དྲ་རྒྱའི་བདེ་འཇགས་ཀྱི་འགོག་ར་བརྟན་པོར་འཛུགས་པ་དང་། ཆབ་སྲིད་ཤེས་ཚོར་རང་བཞིན་དང་ཆབ་སྲིད་བརྡར་གཅོད་ནུས་པ་མཐོར་འདེགས་སུ་གཏོང་བ། འཐབ་འཛིང་གི་འདུ་ཤེས་དང་འཐབ་འཛིང་གི་ནུས་པ་ཇེ་དྲག་ཏུ་གཏོང་བ། དྲ་རྒྱའི་བཅོས་སྐྱོང་དེ་མཇུག་ནས་འགོ་རུ་བསྒྱུར་བ་དང་། གཞན་བརྟེན་ནས་རང་འགུལ་དུ་བསྒྱུར་བ། རྗེས་ནས་སྔོན་དུ་བསྒྱུར་བ་བཅས་བྱས་ཏེ། དོན་རྐྱེན་སྣ་ཚོགས་ཀྱི་ཉེན་ཁ་སྔོན་འགོག་བྱེད་དགོས། འཕེལ་རྒྱས་ལ་སྐུལ་བའི་ནུས་པ་འདོན་པ་དང་། ཆ་འཕྲིན་ཅན་གྱི་སྐུལ་ཁྲིད་ནུས་པ་ལེགས་པར་བཏོན་ནས། ཐོན་ལས་གཞི་གྲངས་ཅན་དང་གཞི་གྲངས་ཐོན་ལས་ཅན་གྱི་བྱ་བ་བཟང་པོར་སྒྲུབ་པ་དང་། ཆ་འཕྲིན་ལག་རྩལ་དང་ཐོན་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་པ། གཞི་གྲངས་ལག་རྩལ་དེ་རིམས་ནད་འགོག་སྡོམ་དང་སྤྱི་པའི་འཕྲོད་བསྟེན་སོགས་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་པའི་ཞབས་ཞུ། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་སོགས་སྲིད་དོན་ཞབས་ཞུའི་ཁོངས་གཏོགས་སུ་ཆེས་ཆེར་བཀོལ་བར་ཤུགས་བསྣན་ནས། དྲ་རྒྱ་དེ་དམངས་ཕན་ཅན་དུ་འཕར་བར་བྱེད་དགོས། ཏང་གིས་མཉམ་འབྲེལ་དྲ་བར་དོ་དམ་བྱེད་པའི་འགན་འཁྲི་ནན་དཀྲི་བྱེད་པ་དང་། ཏང་གིས་དྲ་རྒྱའི་ཆ་འཕྲིན་བྱ་བར་གཅིག་བསྡུས་གཅིག་གྱུར་གྱིས་འགོ་ཁྲིད་པར་ཤུགས་བསྣན་ནས། དྲ་རྒྱའི་བདེ་འཇགས་བྱ་བའི་འགན་འཁྲིའི་ལམ་ལུགས་དང་དྲ་རྒྱའི་འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བཟང་པོ་བྱས་ཏེ། དྲ་རྒྱའི་དཔལ་ཡོན་དང་དྲ་རྒྱའི་ཡིད་རྟོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་མཉམ་འབྲེལ་དྲ་བའི་བསམ་གཞིགས་ལ་ཤུགས་བསྣན་ནས། རང་རྟོགས་ཀྱིས་དྲ་རྒྱ་སྐོར་གྱི་ཤེས་བྱ་སྦྱང་བ་དང་དྲ་རྒྱའི་གནས་ཚུལ་ཤེས་པར་བྱེད་པ། དྲ་རྒྱ་བཀོལ་སྤྱོད་བྱེད་པ་བཅས་བྱས་ཏེ། མཉམ་འབྲེལ་དྲ་རྒྱར་རྒྱུས་ལོན་བྱེད་པ་དང་མཉམ་འབྲེལ་དྲ་རྒྱར་ཁ་གཏད་འཇལ་བའི་ནུས་པ་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་དགོས།
གྲོས་ཚོགས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འབྲེལ་ཡོད་རྒྱུ་ཆར་གྲོས་སྡུར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུ་བའི་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་བྱས།