ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།
2022.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ5པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་གྲ་སྒྲིག་བྱ་བར་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཏང་གི་གྲོན་དངུལ་བསྡུ་ལེན་དང་བཀོལ་སྤྱོད། དོ་དམ་བཅས་ཀྱི་གནས་ཚུལ་ལ་ཉན་ཞིང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་དགའ་བསུ་བྱེད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་པ་བཅས་ཀྱི་གནད་འགག་གི་དུས་སྐབས་སུ་བསྡུ་རྒྱུ་ཡིན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུས་ཚོགས་ཆེན་གྱི་གྲ་སྒྲིག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པས། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། གཟབ་ནན་ཞིབ་ཚགས་ཀྱི་རྣམ་འགྱུར་དང་སྤྱོད་ཚུལ་ལ་བརྟེན་ནས། སྔར་ཡོད་ཀྱི་རྨང་གཞིའི་སྟེང་གོ་རིམ་སོ་སོའི་བྱ་བ་ནན་མོ་དང་ཞིབ་ཚགས་ཀྱིས་སྒྲུབ་པ་དང་། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ། སྐབས་བརྗེའི་ཚོགས་འདུའི་སྒྲིག་སྲོལ་གཟབ་ནན་དུ་གཏོང་བ། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ་བཅས་བྱས་ཏེ། ཚོགས་ཆེན་སྲོལ་གཙང་སྤྱོད་བཟང་དང་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་གི་འཐུས་མིའི་ཚོགས་ཆེན་ལ་ཏང་གི་གྲོན་དངུལ་གྱི་གནས་ཚུལ་སྙན་ཞུར་འབུལ་བ་ནི། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གྱི་གཏན་ཁེལ་ཡིན་པ་དང་། ཏང་ནང་ཁུལ་གྱི་དམངས་གཙོའི་བླང་བྱ་ཡིན་ལ། ཏང་དོན་ཡོངས་བསྒྲགས་ཀྱི་མཚོན་རྟགས་ཡིན་པས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཚུན་ལ་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཏང་གི་གྲོན་དངུལ་བསྡུ་ལེན་དང་བཀོལ་སྤྱོད། དོ་དམ་བཅས་ཀྱི་བྱ་བ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱེད་དགོས། ཏང་གི་གྲོན་དངུལ་བསྡུ་ལེན་བྱེད་སྐབས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དོན་འཁྱོལ་བྱེད་པ་དང་། ཏང་ཡོན་ལ་སློབ་གསོ་བཏང་ནས་རྩ་འཛུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་པ་དང་། དབང་ཆ་དང་འགན་འཁྲི་ལག་བསྟར་བྱེད་དགོས། གཏན་ཁེལ་གྱི་ཁྱབ་ཁོངས་སུ་ཏང་གི་གྲོན་དངུལ་བཀོལ་བའི་བླང་བྱ་ལྟར། གཙོ་བོ་གཞི་རིམ་ཏང་རྩ་འཛུགས་ལ་ཁ་ཕྱོགས་ཏེ། ཏང་གི་ཐུགས་ཁུར་དང་དྲོད་ཁོལ་བརྒྱུད་སྤྲོད་བྱས་ནས། ཕན་ནུས་ཆེས་ཆེན་པོ་འདོན་དགོས། ཏང་གི་གྲོན་དངུལ་གྱི་མཐའ་ཚད་འདུ་ཤེས་བརྟན་པོར་འཛུགས་པ་དང་། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱེད་པ། ཆེད་མི་དང་ཆེད་རྩིས་ཀྱི་རྣམ་པས་དོ་དམ་བྱས་ཏེ། བསྡུ་ལེན་དང་བཀོལ་སྤྱོད། དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོ་གཏན་ཁེལ་དང་མཐུན་པར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་འདེམ་བསྐོའི་བྱ་བ་དང་འཐུས་མིའི་ཐོབ་ཐང་ལ་ཐོག་མའི་ཞིབ་བཤེར་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། 《ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དྲུང་ཡིག་ཁྲུའུ་ཡི་རྩ་འཛུགས་སྒྲིག་གཞིའི་འཆར་ཟིན》དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཀྲུའུ་ཞི་ཚོགས་པ་སོགས་ཀྱི་གྲོས་འདོན་མིང་ཐོ་ལ་ཞིབ་འཇུག་བྱས།