ཞིན་ཁྲང་ཞིང་ཟི་ལིང་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས།
2022.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་། བློ་མཐུན་ཞིན་ཁྲང་ཞིང་ཁོང་ཡོད་སའི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཟི་ལིང་འཐུས་ཚབ་ཚོགས་པ་ཡོད་སར་སོང་ནས། འཐུས་མི་དང་ལྷན་དུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ལ་གྲོས་བསྡུར་བྱས།

ཚོགས་ཐོག་ཏུ། ཁུང་ལིན་ཏུང་དང་། ལིའུ་པའོ། ཀྲང་ཅིན་མཱེ། ཁྲིན་ཅུན་ལེང་། ཅའོ་ཀྲིན་སོགས་འཐུས་ཚབ་ཚོགས་པས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་འཛུགས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་བྱེད་པ། རིམས་ནད་འགོག་སྡོམ་སོགས་ལ་དམིགས་ནས་གཏམ་བཤད། ཞིན་ཁྲང་ཞིང་གིས་ཉན་ཞོར་དུ་ཟིན་བྲིས་བཏབ་པ་དང་། མཚམས་རེར་དྲི་བ་དྲིས་ནས་འཐུས་མི་རྣམས་དང་བསམ་ཚུལ་བརྗེ་རེས་བྱས།

འཐུས་མིའི་གཏམ་བཤད་ལ་ནན་གྱིས་ཉན་རྗེས། ཞིན་ཁྲང་ཞིང་གིས་བསྟན་དོན། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ནི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་བློ་གྲོས་ཀྱི་འབྲས་བུ་ཡིན་ལ། ཕྱོགས་ལྔའི་ཐད་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད། གཅིག  གཙོ་སྙིང་ལ་དམིགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་རང་རྟོགས་ཀྱིས་རྒྱུན་འཁྱོངས་བྱས་ཡོད། གཉིས། ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་སྐྱོད་བཞིན་ཡོད། གསུམ། དམིགས་འབེན་གཅིག་གཏན་ཁེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཀྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་འབད་བརྩོན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་མདུན་མཚོན་ཡོད། བཞི། འགན་འཁྲི་གཅིག་ཡིད་ལ་དམ་པོར་བཟུང་སྟེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་དོན་དག་སྣ་ཚོགས་ལེགས་པོར་སྒྲུབ་ཡོད། ལྔ། འགན་ལེན་ཇེ་དྲག་ཏུ་བཏང་སྟེ། ཏང་གིས་བྱ་བ་ཡོངས་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་ནི། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བའི་རྩ་བའི་གཞི་འཛིན་ས་བྱས་ཡོད།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གསར་བའི་དེང་རབས་ཅན་དྲུག་བསྐྲུན་པར། ཟི་ལིང་གིས་ཁག་ཁུར་ཡོད་པར་བྱས་ཏེ་མདུན་གྲལ་དུ་སྐྱོད་དགོས། རང་སྟེང་གི་དགེ་མཚན་ལ་ངོས་འཛིན་གསལ་བོ་བྱེད་དགོས། ལྟེ་གནས་གྲོང་ཁྱེར་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཕྱོགས་ཡོངས་འཆར་འགོད་དང་། མ་ལག་སྦྲེལ་མཐུད། ལག་བསྟར་དམ་འཛིན་བྱས་ཏེ། མི་དམངས་བདེ་སྐྱིད་དང་། དཔལ་ཡོན། འཆམ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཕྱོགས་ལ་ཤུགས་བཏོན་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཟི་ལིང་གི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།  འཕེལ་རྒྱས་གསར་བའི་འདུ་ཤེས་ཡང་དག་པར་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྒུལ་ཤུགས་སུ་བྱས་ནས། མཐོ་ས་གསར་སྐྲུན་དང་། གནས་བཞི་འཛུགས་སྐྲུན་ལ་རྐང་བཙུགས་ནས། སྲོལ་རྒྱུན་ཐོན་ལས་བཅོས་སྒྱུར་དང་། གསར་དར་ཐོན་ལས་དར་སྤེལ། ཁྱད་ལྡན་ཐོན་ལས་རྒྱ་སྐྱེད། དེང་རབས་ཐོན་ལས་འཛུགས་པའི་བྱ་བ་ལེགས་པོར་སྒྲུབ་ནས། ལྗང་མདོག་འཕེལ་རྒྱས་དང་། སྐྱེ་ཁམས་བཟང་བའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཟི་ལིང་བརྟན་ན་ཞིང་ཆེན་ཧྲིལ་བོ་བརྟན། ལྟེ་གནས་གྲོང་ཁྱེར་བདེ་ན་ཞིང་ཆེན་ཧྲིལ་བོ་བདེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བ་མུ་མཐུད་དུ་ལེགས་པོར་སྒྲུབ་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་བཀོད་འདོམས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་འདིང་དགོས། ཚད་མཐོའི་ཆབ་སྲིད་འགན་འཁྲི་དང་། ལོ་རྒྱུས་ཀྱི་འགན་འཁྲི་དྲག་པོ་སྲུང་འཛིན་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་མགོ་རྩོམ་ས་གསར་བ་བྱས་ཏེ། ཆབ་སྲིད་གསལ་གཙང་གི་དེང་རབས་ཅན་གྱི་ཟི་ལིང་ཡུན་རིང་བརྟན་འཇགས་གོང་འཕེལ་དུ་གཏོང་དགོས།

ཁྲིན་རོས་ཧྥིན་དང་། དབྱང་ཧྥིན་ཁྲུན་གྲོས་བསྡུར་ལ་ཞུགས།

                                                                                                རིག་འཛིན་སྒྲོལ་མས་བསྒྱུར།