ཞིན་ཁྲང་ཞིང་ཡུས་ཧྲུའུ་འཐུས་ཚབ་ཚོགས་པ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་འཐུས་ཚབ་ཚོགས་པའི་ཚན་ཁག་དང་པོའི་གྲོས་སྡུར་ལ་ཞུགས།
2022.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ5པའི་ཚེས24ཉིན། བློ་མཐུན་ཞིན་ཁྲང་ཞིང་ཡུས་ཧྲུའུ་འཐུས་ཚབ་ཚོགས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་འཐུས་ཚབ་ཚོགས་པའི་ཚན་ཁག་དང་པོ་རུ་སོང་ནས། འཐུས་མི་རྣམས་དང་མཉམ་དུ་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་སྙན་ཞུ་དང་ཞིང་ཆེན་སྒྲིག་ཨུའི་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱས། ཁོས་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། བསམ་བློའི་སྟེང་དམིགས་བྱ་གཅིག་སྡུད་དང་འགུལ་སྐྱོད་སྟེང་སྟོབས་ཤུགས་གཅིག་སྡུད་བྱས་ནས། གཟེར་འདེབས་སྙིང་སྟོབས་བཅངས་ཏེ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཡུས་ཧྲུའུ་འཐུས་ཚབ་ཚོགས་པ་ནས་བསོད་ནམས་བསྟན་འཛིན་དང་ཧི་པོ། ལིའུ་ཀྲུང་། སུང་རིན་ཏི། ཝུའུ་དབྱི་སོགས་འཐུས་མིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། གྲོང་གསེབ་དར་སྤེལ། སྐྱེ་ཁམས་སྲུང་སྐྱོབ། ཚན་རྩལ་གྱིས་ཕྱུགས་ལས་ལ་རམ་འདེགས་བྱེད་པ། རིག་གནས་ཡུལ་སྐོར་ཐོན་ལས་སོགས་སྐོར་ནས་གཏམ་བཤད། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་འཐུས་ཚབ་ཚོགས་པའི་ཚན་ཁག་དང་པོ་ནས་ལུའེ་ཞན་ཧྭ་དང་ཐང་ཝན་ཧྥིན། ཨན་ནཱ། ཀྲའོ་དབྱིན་སོགས་འཐུས་མིས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཏང་འཛུགས་སྐྲུན་གྱིས་ཞིབ་དཔྱོད་བྱ་བར་ཁྲིད་སྟོན་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་སོགས་སྐོར་ནས་གཏམ་བཤད།

འཐུས་མི་རྣམས་ཀྱིས་གཏམ་བཤད་པར་ནན་གྱིས་ཉན་རྗེས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་འབད་འཐབ་ཀྱི་འབྲས་བུ་དང་། ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད། ཐུན་མོང་འདོད་བློའི་མཚོན་བྱེད་བཅས་ཡིན་པས། བརྗོད་གཞི་གཙོ་བོ་དམ་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་འཆར་འགོད་གནང་བའི་འཆར་གཞི་དེ་དོན་དངོས་སུ་བསྒྱུར་དགོས། ཞིང་ཆེན་སྒྲིག་ཨུའི་བྱ་བའི་སྙན་ཞུ་ནི་ཞིང་ཆེན་ཏང་ཨུའི་སྙན་ཞུ་དང་སྦྲེལ་མཐུད་བཟང་པོ་བྱས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ནས་ལངས་ཏེ། ཚོགས་ཆེན་གྱི་བརྗོད་གཞི་དང་དམ་པོར་སྦྲེལ་ཡོད་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཡོད་ལ། འགན་འཁྲི་དང་ལས་རིགས་གཙོ་བོར་དམ་དུ་དམིགས་ཡོད་པ་དང་། འགན་འཁྲི་དང་ཁག་ཁུར་ཡོངས་སུ་མཚོན་ཡོད་པས། ཧ་ཅང་འཐད་པ་ཡིན་ཟེར།

ཡུས་ཧྲུའུ་འཐུས་ཚབ་ཚོགས་པ་ནས་ཞིན་ཁྲང་ཞིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ནས། རྫོང་མཁར་རྟེན་གཞི་གཙོ་བོ་ཡིན་པའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་མྱུར་དུ་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་སྔར་ལས་ལྷག་པ་བདུན་གྱི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་འབད་པ་བྱས་ཏེ། མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་གྱི་བྱ་བ་རེ་རེ་བཟང་པོར་སྒྲུབ་སྟེ། མཁར་གྲོང་གི་ཐེག་ཤུགས་དང་སྡོད་འཚམ་རང་བཞིན། དཀྱེལ་ཡངས་ཀྱི་ཚད་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། ལྷད་མེད་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་མངོན་འགྱུར་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མཚན་སྙན་ཆེན་པོ་དངོས་སུ་བཟང་པོར་བཀོལ་བ་དང་། སྐྱེ་ཁམས་ལ་སྲུང་སྐྱོབ་ནན་མོ་བྱེད་པའི་སྔོན་འགྲོའི་འོག་ཏུ་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་རིན་ཐང་གི་འགྱུར་ལྡོག་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། དམངས་ཚིས་ལེགས་བཅོས་དང་མི་སེམས་གཅིག་སྡུད། གཅིག་གྱུར་སྲུང་སྐྱོབ་དང་ཁ་བྲལ་ངོ་རྒོལ་གྱི་དོན་སྙིང་གིས་ཕྱུག་པར་བྱེད་དགོས། དམངས་ཚིས་ལེགས་བཅོས་ལ་བསྟུད་མར་སྐུལ་འདེད་གཏོང་བ་དང་། སྔར་ལས་ཕུན་སུམ་ཚོགས་ཤིང་སྔར་ལས་ཆ་མཉམ་ཡིན་པའི་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་སུ་གཏོང་བ་དང་། ལྷག་པར་དུ་སྐོར་ཐེངས་གསར་པའི་ཁ་གཏད་རོགས་སྐྱོར་དང་སྦྲེལ་ནས་སློབ་གསོ་ཞེས་པའི་རྩ་བའི་ཇུས་ཆེན་འདི་དམ་འཛིན་དངོས་འཛིན་བྱས་ཏེ། ཡུས་ཧྲུའུ་གསར་པ་དང་མཚོ་སྔོན་གསར་པའི་འཛུགས་སྐྲུན་པ་སྐྱེད་སྲིང་བཟང་པོ་བྱེད་དགོས།

ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་འཐུས་ཚབ་ཚོགས་པའི་ཚན་ཁག་དང་པོ་ནས་ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་དེ་རང་རྟོགས་ཀྱིས་ཚད་གཞིར་བཟུང་ནས། ཡིད་ཆེས་བརྟན་པ་དང་ཏང་ལ་བློ་དཀར་བའི་ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བཏང་སྟེ། ཏང་ལ་མཐའ་གཅིག་ཏུ་བློ་དཀར་བར་བྱས་ཏེ་བསམ་བློའི་སྟེང་དང་ཆབ་སྲིད་སྟེང་། འགུལ་སྐྱོད་སྟེང་ནས་འགྱུར་བ་དང་གཡོ་འགུལ་གཏན་ནས་མེད་པར་བྱེད་དགོས། བསམ་ཕྱོགས་ཡོད་པ་དང་བྱ་བ་སྒྲུབ་པར་མཁས་པའི་འགོ་ཁྲིད་ལས་ཁུངས་འཛུགས་སྐྲུན་བྱས་ཏེ། རང་ཁྱབ་ཁོངས་དང་རང་ཁོངས་གཏོགས་ཀྱི་སྲིད་ཇུས་གལ་ཆེན་གྱི་གཏན་འབེབས་དང་ལས་འགན་གལ་ཆེན་གྱི་བཀོད་སྒྲིག རྣམ་གྲངས་གལ་ཆེན་གྱི་སྐུལ་སྤེལ་བཅས་བཟང་པོར་སྒྲུབ་པ་དང་། བྱ་བའི་བསམ་ཕྱོགས་དང་ཐབས་ཤེས་ཐབས་ལམ་སྟེང་འབད་པ་བྱེད་པ། སེམས་དང་བརྩེ་བ། སྟོབས་ཤུགས་བཅས་བཀོལ་ནས་བྱ་བ་འཛིན་པ་དང་དོན་འཁྱོལ་ལ་ཡར་སྐུལ་བྱས་ཏེ། གོང་འོག་མཉམ་འབྲེལ་དང་ཕྱོགས་ཡོངས་མཉམ་འགུལ་གྱི་ཕན་ནུས་གྲུབ་པར་སྐུལ་འདེད་གཏོང་དགོས། ཏང་སེམས་བདེ་བ་དང་མི་དམངས་ཡིད་ཚིམས་པའི་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་བྱས་ཏེ། རང་འཁྲི་རང་ཁུར་དང་རང་འགན་རང་སྒྲུབ་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བཟང་པོ་བྱས་ཏེ། དངོས་སྒྲུབ་དང་དངོས་འབྲས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་འཇོག་དགོས།

ཉུའེ་ཁྲིན་ཡུན་དང་ཀྲང་ལིས། ཀྲང་ཙིག་ཅུན་བཅས་སོ་སོར་གྲོས་སྡུར་ལ་ཞུགས།