སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་སྙན་ཞུ་ལ། རང་ཞིང་གི་འཐུས་མིའི་ཁྲོད་ཚུར་སྣང་ཆེན་པོ་བྱུང་། ཚང་མས་མཐའ་གཅིག་ཏུ། སྙན་ཞུ་ལ་བརྗིད་ཉམས་ལྡན་པ་དང་ཆ་ཚང་ཞིང་དོན་དངོས་དང་མཐུན་ལ། བརྩོན་སེམས་བསྐྱེད་པར་བྱེད། དེས་ཞིང་ཆེན་ཡོངས་ཀྱི་མ་འོངས་པའི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་རླབས་ཆེན་གྱི་འཆར་གཞི་བཀོད་ཡོད། སྙན་ཞུའི་ཁྲོད་བཏོན་པའི་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི་འབད་འཐབ་དམིགས་འབེན་གྱིས་མི་རྣམས་ལ་སྐུལ་མ་གཏོང་བ་དང་། བློ་བརྟན་འགྱུར་མེད་བརྒྱད་ཀྱི་བྱ་བའི་བཀོད་སྒྲིག་གིས་རྒྱལ་ཁབ་དང་མི་རིགས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་འགན་མཐོན་པོ་ཁུར་བའི་ལོ་རྒྱུས་ཀྱི་རང་རྟོགས་དང་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཡོད་ལ། དམངས་སེམས་ལ་དྲོད་ཁོལ་སྐྱེལ་བ་དང་དངོས་གཉེར་གླེང་བ། སྙིང་སྟོབས་ཆེ་རུ་བསྐྱེད་པའི་སྙན་ཞུ་བཟང་བོ་ཞིག་རེད་ཟེར།
ཏང་གི་འཐུས་མི། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་སུའེ་ཞའོ་པའོ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཕྱིར་བལྟ་བྱེད་དུས། མཚོ་ནུབ་ཁུལ་གྱིས་ནམ་ཡང་ལྗང་མདོག་འཕེལ་རྒྱས་ཀྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། མཛེས་ལྗོངས་དང་ས་ཞིང་། ཚྭ་མཚོ་སོགས་ཐོན་ཁུངས་ཀྱི་དགེ་མཚན་སྔོག་འདོན་ཟབ་མོ་བྱས་ལ། སྟོང་ཝ་རིམ་པའི་ནུས་ཁུངས་གསར་བའི་གློག་འདོན་རྟེན་གཞི་དང་ནུས་ཁུངས་གསར་བའི་སྒྲིག་ཆས་བཟོ་སྐྲུན་རྟེན་གཞི། ནུས་གསོག་དཔེ་སྟོན་འཛུགས་སྐྲུན་རྟེན་གཞི་བཅས་གཞི་གཅིག་གི་ཞིང་ཆེན་ཡོངས་ཀྱི་ཆེས་གལ་ཆེ་བའི་ནུས་ཁུངས་བདེ་འཇགས་འགན་སྲུང་འདེགས་སྐྱོར་འཛུགས་སྐྲུན་བྱས་པ་དང་། ནུས་མང་ཁ་གསབ་གཞི་གཅིག་ཅན་གྱི་ནུས་ཁུངས་གསར་བའི་ལས་གཞི་དང་རླུང་འཁོར་བཟོ་སྐྲུན། ཉི་འོད་ནུས་པའི་ལྷུ་ལག་ཐོན་ལས་ལས་གཞི་མཚོ་ནུབ་ཏུ་རྐང་བཙུགས་ནས་ལག་བསྟར་བྱས་ཤིང་འོད་དྲོད་གློག་འདོན་དེ་ལས་ཀྱང་བཟང་། གོ་རིམ་རྗེས་མར། ང་ཚོས་ཐོན་ལས་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་མུ་ཐག་དེང་རབས་ཅན་དུ་བསྒྱུར་བ་གཙོ་རྒོལ་ཁ་ཕྱོགས་སུ་བྱེད་པ་དང་། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་གཉིས་མཉམ་བསྲེས་བྱེད་པ། སྤུས་ཚད་སྔར་ལས་བཟང་བའི་དག་གཙང་ནུས་ཁུངས་མཁོ་སྤྲོད་མ་ལག་འཛུགས་སྐྲུན་བྱེད་པ། ཐཱན་མེད་ཐོན་ལས་ར་བ་འཛུགས་སྐྲུན་བྱས་ཏེ། དག་གཙང་ནུས་ཁུངས་ས་དེ་ནས་འཇུ་འདྲེན་བྱེད་ཚད་མཐོར་འདེགས་གཏོང་རྒྱུ་ཡིན།
ཏང་གི་འཐུས་མི། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཀྲུང་གིས། སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། དྲོད་ཁོལ་དང་སྟོབས་ཤུགས་ལྡན་པ་དང་། འགན་འཁྲི་ཁག་ཁུར་མངོན་པར་བྱས་ཡོད་ཟེར། ཁོས་བསྟན་དོན། རྩ་སྟོད་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོག་ཤིང་ཁུལ་ཁོངས་ཡིན་པ་དང་། སྐྱེ་ཁམས་བདེ་འཇགས་ལ་ཁག་ཐེག་དང་ཆུ་དྭངས་རི་ལྗང་བརྟན་སྲུང་བྱེད་རྒྱུ་ནི་ངེས་པར་དུ་བཟང་བོར་བསྒྲུབ་དགོས་པའི་སྲོག་ཤིང་ཡིན་པས། ང་ཚོས་མ་འོངས་པའི་དམིགས་འབེན་གཙོར་འཛིན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འགོ་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་ཆུ་རྒྱུན་གཙོ་བོའི་ཁག་ཁུར་མངོན་པར་བྱེད་པ། ཆེས་གཟབ་ནན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ལག་བསྟར་བྱས་ནས། ཕན་འབྲས་ལྡན་པའི་སྒོ་ནས་ཆེས་མཛེས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་འཛུགས་སྐྲུན་བྱེད་རྒྱུ་ཡིན། ཚད་གཞི་མཐོ་བའི་སྤྱི་གླིང་འཛུགས་སྐྲུན་འདུ་ཤེས་ལག་བསྟར་བྱས་ཏེ། སྔར་ལས་རང་རྟོགས་སྒོས་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་དགོས། མཁར་གྲོང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཇེ་ཆེར་གཏོང་བ་དང་། སྔར་ལས་ནུས་ཤུགས་ལྡན་པའི་སྒོ་ནས་གཙང་བོའི་འགོ་ཁུངས་ཀྱི་མཛའ་མཐུན་རང་བཞིན་གྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་དྭངས་རི་ལྗང་ལ་སྲུང་སྐྱོབ་བྱས་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པ་དང་རྒྱལ་ཁབ་ཀྱི་ཚབ་མཚོན་དུ་འགྱུར་བའི་རང་བྱུང་སྲུང་སྐྱོབ་ཀྱི་དཔེ་སྟོན་ས་ཆ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།
རིན་ཆེན་མཚོས་བསྒྱུར།