ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་སྙན་ཞུ་སྐོར་གྱི་གྲོས་ཆོད།
2022.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

(2022ལོའི་ཟླ་ལྔ་པའི་ཚེས་ཉེར་དྲུག་ཉིན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་གྲོས་འཆམ་བྱུང་། )

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས། བློ་མཐུན་ཞིན་ཁྲང་ཞིང་གིས་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་ཕུལ་བའི་སྙན་ཞུ་ལ་ཆོག་མཆན་བཀོད། ཚོགས་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཚུན་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་སྤྱི་སྡོམ་ཆ་ཚང་བྱས་པ་དང་། འདས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ཐབས་ཇུས་བསྡུ་གསོག་བྱས་པའི་ཉམས་མྱོང་བདུན་ལ་མདོར་བསྡུས་བཙོ་སྦྱོང་བྱས་པ་དང་། མཚོ་སྔོན་གྱི་མདུན་དུ་ལྷགས་པའི་གོ་སྐབས་འགྲན་རྩོད་ལ་དབྱེ་ཞིབ་ཟབ་མོ་བྱས་ཤིང་། རྗེས་ཕྱོགས་ཀྱི་ལོ་ལྔའི་བྱ་བའི་སྤྱི་ཁོག་གི་རེ་བ་དང་འབད་འཐབ་དམིགས་འབེན་གསལ་བོར་བཏོན་ཞིང་། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། ཚོགས་ཆེན་སྟེང་གྲོས་འཆམ་བྱུང་བའི་སྐབས་བཅུ་གསུམ་ཞིང་ཆེན་ཏང་ཨུའི་སྙན་ཞུ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་ས་རུ་བྱས་པ་དང་། མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ཐད་ཀྱི་འཆར་གཞི་གལ་ཆེན་བཀོད་ལ། བརྟན་ཚུགསགཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་མངོན་པར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་འགུལ་སྐྱོད་ཀྱི་རང་རྟོགས་མཚོན་པར་བྱས་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་དུས་རབས་ཀྱི་རེ་བར་ངོས་འཛིན་གསལ་བོ་བྱས་ལ། རིགས་སོ་སོའི་མང་ཚོགས་དང་སྤྱི་ཚོགས་ལས་རིགས་སོ་སོའི་རེ་སྒུག་ལ་ལན་བཏབ་པ་དང་། མཚོ་སྔོན་གྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་ཀྱིས་དེང་རབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྤོབས་པ་ཆེན་པོ་དང་ངེས་རྒྱལ་གྱི་ཡིད་ཆེས་མངོན་པར་བྱས། དེ་ནི་ཞིང་ཆེན་ཡོངས་ཀྱི་མ་འོངས་པའི་ལོ་ལྔའི་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཡིན།

ཚོགས་ཆེན་ནས་བལྟས་ན། སྙན་ཞུའི་ནང་གསལ་བཤད་བྱས་པའི་ཚོགས་ཆེན་གྱི་བརྗོད་དོན་ལས་ང་ཚོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་གཅིག་སེམས་དང་གསར་སྤེལ་མདུན་སྐྱོད་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་གོང་འོག་ཡོངས་ཀྱིས་བདེན་འཚོལ་དངོས་གཉེར་དང་བདེན་འཛིན་དངོས་གཉེར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱས་ནས། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས་པ་བསྟན།

ཚོགས་ཆེན་སྟེང་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འདས་པའི་ལོ་ལྔའི་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས། ཚོགས་ཆེན་སྟེང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཡང་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། རིགས་སོ་སོའི་མི་དམངས་ལ་ཐུགས་ཁུར་དང་མཐོ་སྒང་ལ་བརྩེ་སེམས་ཟབ་མོ་བཅངས་ནས། སོ་སོར2016ལོ་དང་2021ལོར་སྐུ་དངོས་སུ་མཚོ་སྔོན་དུ་ཕེབས་ནས་བྱ་བར་གཟིགས་ཞིབ་མཛད་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་གནང་ནས། མཚོ་སྔོན་གྱི་འཕེལ་རྒྱས་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་འཆར་གཞི་གལ་ཆེན་བཀོད་ལ། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཚད་གཞི་རུ་བྱས་ལ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་པས། དཔལ་འབྱོར་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་ནས་རྒྱུགས་ལན་གསར་བ་སྤྲད། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་པས། དམངས་ཚིས་བདེ་སྐྱིད་ཆུ་ཚད་གསར་བར་སླེབས་པར་བྱས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱེད་པ་རྒྱུན་འཁྱོངས་བྱས་པས། མི་རིགས་མཐུན་སྒྲིལ་ཐད་ནས་གྲུབ་འབྲས་གསར་བ་བླངས། མཉམ་སྐྲུན་མཉམ་བཅོས་དང་མཉམ་སྤྱོད་རྒྱུན་འཁྱོངས་བྱས་པས། སྤྱི་ཚོགས་བཅོས་སྐྱོང་ཐད་ནས་ཆུ་ཚད་གསར་བར་སླེབས། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་པས། ཆབ་སྲིད་སྐྱེ་ཁམས་ཐད་ནས་སྣང་ཚུལ་གསར་བ་མངོན་པ་དང་། དུས་བཅད་ལྟར་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ཀྱི་འབྱོང་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱས་ལ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་པ་དང་། བྱ་བ་སྣ་ཚོགས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་བ་བླངས།

ཚོགས་ཆེན་ནས་སྙན་ཞུའི་ནང་གི་འདས་པའི་ལོ་ལྔའི་རིང་གི་གཞི་རྩའི་ཉམས་མྱོང་གི་སྤྱི་སྡོམ་ལ་འཐད་པ་བྱུང་། ཚོགས་ཆེན་སྟེང་། འདས་ཟིན་པའི་ཆེས་སྤྱིར་བཏང་མིན་པའི་ལོ་ལྔར་ཕྱིར་བལྟ་བྱས་ན། ང་ཚོས་ཕན་འབྲས་ལྡན་པའི་སྒོ་ནས་དཀའ་ཁག་དང་འགྲན་རྩོད་སྣ་ཚོགས་ཁྱད་སེལ་བྱེད་ཐུབ་པ་དང་། གོང་གསལ་གྱི་ལེན་སླ་མོ་མིན་པའི་འཕེལ་རྒྱས་དང་གྲུབ་འབྲས་ལེན་ཐུབ་པའི་ཆེས་རྩ་བ་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོར་ཐུག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཆེན་པོ་བྱས་པ་དང་སྐུ་དངོས་མཛུབ་སྟོན། སྐུ་དངོས་བཀོད་སྒྲིག་བྱས་པའི་རྐྱེན་གྱིས་ཡིན་ལ། དེ་ནི་སྐབས་རིམ་པའི་ཞིང་ཆེན་ཏང་ཨུའི་ཚན་ཁག་གིས་བཏིངས་པའི་རྨང་གཞིའི་སྟེང་མུ་མཐུད་དུ་འབད་བརྩོན་བྱས་པའི་མཇུག་འབྲས་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་པའི་མཇུག་འབྲས་ཡིན། ཚོགས་ཆེན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་ས་རུ་བྱེད་པ། ངེས་པར་དུ་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་རྒྱུ་དེ་རྩ་བའི་ཆབ་སྲིད་ཀྱི་རྩ་དོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་འགུལ་སྐྱོད་ཀྱི་སྣེ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཆེས་ཆེ་བའི་འགན་འཁྲི་རུ་བརྩི་བ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་རྒྱུ་དེ་རིན་ཐང་ཐད་ཀྱི་འཚོལ་སྙེག་ཏུ་བརྩི་བ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་རྩ་བའི་འགན་སྲུང་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་བཅས་བྱེད་དགོས།

ཚོགས་ཆེན་ནས་བསྟན་དོན། བཞུད་ལམ་གསར་བར་ཞུགས་པ་དང་དུས་རབས་གསར་བའི་ནང་འབད་འཐབ་མདུན་སྐྱོད་བྱེད་སྐབས། མཚོ་སྔོན་གྱི་ཏང་དང་རྒྱལ་ཁབ་བྱ་བའི་སྤྱི་ཡོངས་ཁྲོད་ཀྱི་གོ་གནས་དང་ལྷག་པར་དུ་སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་ཀྱི་གོ་གནས་དེ་ལས་ཀྱང་གལ་ཆེ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་གནང་བའི་མངག་བཅོལ་དང་། དུས་རབས་ཀྱིས་ང་ཚོར་བསྩལ་བའི་འགན་འཁྲི་གལ་ཆེན་ཡིན། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་། ང་ཚོས་ཉེན་ཁ་དང་འགྲན་རྩོད་སྔོན་བསུ་བྱེད་པ་དང་འགལ་རྩོད་གནས་དོན་གསར་བ་ཐག་གཅོད་པའི་བསམ་བློ་གྲ་སྒྲིག་བཟང་བོ་བྱེད་དགོས་པ་དང་། རང་ངོས་འཕེལ་རྒྱས་ཀྱི་དགེ་མཚན་དང་དུས་རབས་ཀྱི་ང་ཚོར་བསྩལ་བའི་གོ་སྐབས་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། ཕན་ཡོད་ཆ་རྐྱེན་སྣ་ཚོགས་དང་ཕན་ཡོད་རྒྱུ་རྐྱེན་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་ཤེས་པར་བྱས་ཏེ། དུས་དཔགས་བབ་བསྟུན་དང་གོ་སྐབས་མི་ཤོར་བར་སྟོབས་ཤུགས་ཡོད་རྒུས་ལས་དོན་སྣ་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བཀོད་པའི་འཆར་འགོད་ལྟར། སྤྱི་ཡོངས་གཉིས་ཡིད་ལ་འཛིན་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ། བབ་བསྟུན་འབད་བརྩོན་དང་གོ་སྐབས་དམ་འཛིན་བྱེད་པ། དཀའ་ངལ་ཁྱད་སེལ་བྱེད་པ་དང་གསར་སྤེལ་གསར་སྐྲུན་བྱས་ན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་ཐུབ་པ་ཁོ་ཐག་ཡིན།

ཚོགས་ཆེན་ལས་སྙན་ཞུའི་ནང་བཏོན་པའི་རྗེས་ཕྱོགས་ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱིའི་བླང་བྱར་མོས་མཐུན་བྱུང་བ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་པའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་རླབས་ཆེན་དར་སྤེལ་ཤུགས་ཆེན་གཏོང་བ། བརྟན་ཚུགས་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས། མ་ལག་འདུ་ཤེས་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་དང་ནུས་ཁུངས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ནས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཤུགས་ཆེན་པོས་ཐོན་ལས་ཀྱི་གནས་བཞི་གཙོ་བོར་བྱེད་པའི་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་ལག་འཛུགས་བསྐྲུན་བྱེད་པ། ཤུགས་ཆེན་པོས་ཐུན་མོང་ཕྱུག་འགྱུར་གྱི་ལག་ལེན་ལམ་བུ་འཚོལ་ཞིབ་བྱེད་པ། ཤུགས་ཆེན་པོས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་ཐད་ནས་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་ཀྱི་གཙོ་གནད་ནུས་པ་ཆེ་རུ་གཏོང་བ། ཤུགས་ཆེན་པོས་སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་ལེའུ་འབྲི་དགོས།

ཚོགས་ཆེན་སྟེང་དུ། མ་འོངས་པའི་ལོ་ལྔའི་ནང་གི་ལྷད་མེད་འཕེལ་རྒྱས་དང་སྐྱེ་ཁམས་མཐུན་སྦྱོར། གསར་གཏོད་སྒོ་འབྱེད། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད། ཆབ་སྲིད་དྭངས་གཙང་བཅས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་པ་དང་། ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་ལ་རྒྱང་ལྟ་བྱས་ནས། མཚོ་སྔོན་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་བསམ་འདུན་གཏན་འཁེལ་བྱས།

ཚོགས་ཆེན་སྙན་ཞུས་མ་འོངས་པའི་ལོ་ལྔའི་རིང་གི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་བྱས་པར་མོས་མཐུན་བྱུང་། ཚོགས་ཆེན་ཐོག་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆ་ཚང་ཞིང་འཕྱུགས་པ་མེད་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་པ། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་གཙོ་གནད་དུ་འཛིན་པ། ནང་མཁོ་རྒྱ་ཆེར་གཏོང་རྒྱུའི་འཐབ་ཇུས་ལ་སྔར་ལས་མཉམ་འདྲེས་དང་ཞབས་ཞུ་ཡག་པོ་བྱེད་པ། ལྷད་མེད་ཐཱན་ཉུང་འཁོར་རྒྱུག་གི་དེང་རབས་ཐོན་ལས་མ་ལག་བསྐྲུན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཆུ་ཚད་སྔར་ལས་མཐོ་བའི་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བློ་བརྟན་འགྱུར་མེད་ཀྱིས་བསྐྲུན་པ། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་འཁྱག་གངས་རིའང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ།  སྐྱེ་ཁམས་སྲུང་སྐྱོབ་དམིགས་བསལ་གྱིས་སྔོན་ལ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཐོན་ལས་དང་དཔལ་འབྱོར་གྱི་བྱེད་སྒོ་ཡོད་ཚད་ངེས་པར་དུ་སྐྱེ་ཁམས་འཕེལ་རྒྱས་བཟང་པོ་ཡོང་བར་ཕན་ངེས་ཅན་ཡིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ཐད་ཀུན་གྱི་མདུན་གྲལ་དུ་བསྐྱོད་དེ། གཙང་པོ་དང་ཆུ་བོའི་འབབ་རྒྱུད་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་ནས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ཀུན་གྱི་སྔོན་ལ་འཇོག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་རྒྱུར་ཟུང་འབྲེལ་དམ་ཟབ་བྱེད་པ། ཕན་ཚུན་སྤེལ་རེས་བྱེད་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ། ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་ཟམ་མི་ཆད་པར་སྐོང་དགོས། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཁྱོན་ཡོངས་ནས་བསྐྲུན་ཏེ། མི་རིགས་ཁག་བར་ཕན་ཚུན་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་གཏིང་ཟབ་བྱེད་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་ཐད་མུ་མཐུད་ཀུན་གྱི་མདུན་གྲལ་དུ་བསྐྱོད་ནས། མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་དགོས། བློ་བརྟན་འགྱུར་མེད་ངང་ཆུ་ཚད་སྔར་ལས་མཐོ་བའི་དུས་བདེ་ཞོད་འཇགས་ཀྱི་མཚོ་སྔོན་བསྐྲུན་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྤྱི་པའི་བདེ་འཇགས་འགན་ལེན་ནུས་ལྡན་བཅས་བྱས་ནས། ཆབ་སྲིད་སྔར་ལས་བདེ་འཇགས་དང་སྤྱི་ཚོགས་སྔར་ལས་བརྟན་ལྷིང་། མི་དམངས་སྔར་ལས་བདེ་འཇགས་བཅས་ཡོང་བར་འགན་ལེན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་བ་རྒྱུན་འཁྱོངས་བྱེད་པ། མི་དམངས་དམངས་གཙོ་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་བ་དང་། དུས་རབས་གསར་པའི་དམངས་ཆེན་དང་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བ། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ཏང་གི་མང་ཚོགས་ཚོགས་པའི་ལས་དོན་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་ཟམ་མི་ཆད་པར་ཇེ་བརྟན་དང་འཕེལ་རྒྱས་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། རླབས་ཆེན་གྱི་དར་ཆ་མཐོ་རུ་སྒྲེང་བ་དང་དམངས་སེམས་གཅིག་སྡུད་བྱེད་པ། མི་གསར་པ་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་ལེགས་པོ་བསྐྲུན་པ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགོ་ཁྲིད་དབང་ཆར་སྟངས་འཛིན་ནན་མོ་བྱེད་པ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་འཛད་མཐའ་མེད་པའི་བསམ་པའི་སྒུལ་ཤུགས་མཁོ་འདོན་བྱེད་དགོས།

ཚོགས་ཆེན་ཐོག་ནན་བཤད་བྱས་དོན། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩ་དེ་ཏང་ལ་ཐུག་པ་དང་། ཆེས་འགག་རྩ་དེ་ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱ་རྒྱུར་ཐུག་ཡོད། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་འདི་ཉིད་སྔར་ལས་ཞུམ་མེད་སྟོབས་ལྡན་ཞིག་ཏུ་འགྱུར་བར་བྱས་ནས། ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཆེ་ཤོས་ཡིན་པ་ཡིད་ལ་བརྟན་པོར་ངེས་པར་བྱེད་རྒྱུ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་ཅི་ཞིག་ཡིན་པ་དང་ཏང་གིས་ཅི་ཞིག་བསྒྲུབ་དགོས་ཞེས་པའི་རྩ་བའི་གནད་དོན་འདི་ཡིད་ལ་བརྟན་པོར་ངེས་སུ་འཇུག་པ། དུས་རབས་གསར་པའི་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་གཏིང་ཟབ་བྱེད་པ། ལྟ་བ་གསལ་སྟོན་གྱིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ། སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། གཞི་རིམ་གྱི་རྩ་འཛུགས་ཁྱོན་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་གཏོང་བ། སྤྱོད་ཚུལ་བཟང་འགྱུར་དང་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་བྱ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ལས་བྱེད་པ་སྤྱོད་གཙང་དང་སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གཙང། སྤྱི་ཚོགས་དྭངས་གཙང་བཅས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་མུ་མཐུད་བསྐྲུན་པ་བཅས་བྱས་ནས། སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་འཐབ་ནུས་སྟོབས་ཆེན་དུས་ནམ་ཡང་གནས་པར་བྱེད་དགོས།

ཚོགས་ཆེན་ནས་བླང་བྱ་བཏོན་དོན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་དད་མོས་བྱེད་མཁན་རྣལ་མ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་འཁྱོངས་བར་འབད་དེ། སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་གྱི་གནས་ལུགས་ཡིད་ལ་བརྟན་པོར་བཅངས་ནས། མི་དམངས་ཀྱིས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་སྟོང་ཟད་དུ་མི་གཏོང་བ་དང་། བླ་ན་མེད་པའི་བསམ་བློའི་གོ་རྟོགས་བརྩོན་ལེན་བྱེད་པ། ཉམས་སད་ཐེག་ཐུབ་པའི་འགན་འཁུར་ནུས་པ་བཅས་ལྡན་པར་བྱེད་དགོས། གསར་གཏོད་ཡར་བརྩོན་དང་ལྷོད་གཡེང་སྤུ་ཙམ་མེད་པའི་འབད་འཐབ་ཀྱི་སྙིང་སྟོབས་དང་། དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་བརྩོན་ལེན་བྱེད་པ། འབད་འབུངས་ཡར་བརྩོན་གྱི་དཔའ་ཉམས་ལྡན་པ། དཀའ་སྤྱད་འབད་འབུངས་ཀྱིས་བྱས་རྗེས་འཇོག་པ་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་རྒྱུན་ཆད་མེད་པར་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་རྒྱུར་འབད་བརྩོན་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས། ཚོགས་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་ལ་རེ་བ་ནན་མོ་བཏོན།

ཚོགས་ཆེན་སྟེང་དུ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་སྔར་དམ་ཟབ་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུ་བཏོན་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

རིན་ཆེན་མཚོ་དང་ཤ་བོ་གསེར་མཚོ། བན་དེ་སྐྱབས་བཅས་ཀྱིས་བསྒྱུར།