ཟླ་ལྔ་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་བསྡུས།
ཟླ་ལྔ་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་བསྡུས། ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ་དང་། ཝུའུ་ཞའོ་ཅུན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལ་བདམས་ཤིང་། ཝང་དབྱང་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཞིན་ཁྲང་ཞིང་དང་ཝང་ཅན་ཅུན། ཡུས་ཚུང་ལི། ཝང་ལིས་མེན། མཱ་ཝེ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ཀྲང་ཧོང་ཡོན། ཅཱ་དབྱིན་ཀྲུང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
ཝུའུ་ཞའོ་ཅུན་དང་མགོན་པོ་བཀྲ་ཤིས། དབྱིན་པའེ། ཁྲིན་རོས་ཧྥིན། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ཏ་ནན། ཝང་ལིན་ཧུའུ། པད་ཁོ། ཀྲུའུ་ཞང་ཧྥིན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
ཞིན་ཁྲང་ཞིང་གིས་སྔ་དྲོའི་ཚོགས་འགོ་རྩོམ་པའི་ཚོགས་ཆེན་ལ་འགོ་འཛིན་བྱས། ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་དྲུག་ཡོད་པ་དང་། ཉིན་དེའི་ཚོགས་ཆེན་ལ་འཐུས་མི་སུམ་བརྒྱ་དང་ཞེ་གསུམ་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།
གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་ལྔ་ཡོད་དེ། གཅིག མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པའི་ཀྲུའུ་ཞི་ཚོགས་པའི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གསབ་འདེམ་བྱེད་པའི་སྐོར་གྱི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་སྒྲོག་འདོན་བྱ་རྒྱུ། གཉིས། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པའི་ཀྲུའུ་ཞི་ཚོགས་པའི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གསབ་འདེམ་བྱེད་པའི་སྐོར་གྱི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་སྒྲོག་འདོན་བྱ་རྒྱུ། གསུམ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པའི་ཀྲུའུ་ཞི་ཚོགས་པའི་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གསབ་འདེམ་བྱེད་པའི་སྐོར་གྱི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་སྒྲོག་འདོན་བྱ་རྒྱུ། བཞི། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པའི་ཀྲུའུ་ཞི་ཚོགས་པའི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གསབ་འདེམ་བྱེད་པའི་སྐོར་གྱི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་སྒྲོག་འདོན་བྱ་རྒྱུ། ལྔ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་གསབ་འདེམ་བྱེད་པའི་འདེམ་སྒུག་པའི་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་རྒྱུ་བཅས་རེད།
ཡུས་ཚུང་ལི་ཡིས་ཕྱི་དྲོར་བསྡུས་པའི་མཇུག་སྒྲིལ་ཚོགས་ཆེན་ལ་འགོ་འཛིན་བྱས། ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་དྲུག་ཡོད་པ་དང་། ཉིན་དེའི་ཚོགས་ཆེན་ལ་འཐུས་མི་སུམ་བརྒྱ་དང་སོ་བཞི་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།
གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་ལྔ་ཡོད་དེ། གཅིག ཚོགས་ཆེན་གྱི་འདེམ་བསྐོའི་བྱེད་ཐབས་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ། གཉིས། བློ་མཐུན་ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་མི་འཁུར་བའི་རེ་ཞུ་དང་ལེན་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ་དང་། གསུམ། སྤྱིའི་འདེམ་ཤོག་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པའི་མིང་ཐོའི་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ། བཞི། འདེམ་བསྐོ་བྱ་རྒྱུ། ལྔ། གསར་དུ་བདམས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འཐུས་མི་ལ་ཐུག་འཕྲད་བྱེད་པར་མ་ཟད་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུ་རྒྱུ་བཅས་རེད།
ཚོགས་ཆེན་སྟེང་། མིང་མ་བཀོད་པར་འདེམ་ཤོག་འཕེན་ཐབས་སྤྱད་དེ་བློ་མཐུན་ཞིན་ཁྲང་ཞིང་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། བློ་མཐུན་ཝུའུ་ཞའོ་ཅུན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་། བློ་མཐུན་ཝང་དབྱང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ལ་བདམས་པ་དང་། ཀྲུའུ་ཆིན་དང་ཀྲང་ཉིང་། ཝུའུ་ཡུས་ཀྲང་། རྣམ་རྒྱལ་བཅས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན། ཝང་དབྱང་། ཀྲུའུ་ཆིན། ཀྲང་ཉིང་། ཝུའུ་ཡུས་ཀྲང་། རྣམ་རྒྱལ་བཅས་ཀྱིས་འཐུས་མི་རྣམས་ལ་གུས་འདུད་ཞུས།
དེར་མཐུད་ནས་ཚོགས་ཆེན་གྱིས་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་གླུ་དཀྲོལ་རྗེས། གསར་དུ་བདམས་པའི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་འགོ་ཁྲིད་དེ་དམ་བཅའ་བཞག གསར་དུ་བདམས་པའི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་གསར་དུ་བདམས་པའི་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱང་། གསར་དུ་བདམས་པའི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲུའུ་ཆིན་དང་ཀྲང་ཉིང་། ཝུའུ་ཡུས་ཀྲང་། རྣམ་རྒྱལ་བཅས་ཀྱིས་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་བཞག
ཞིན་ཁྲང་ཞིང་གིས་མཇུག་སྒྲིལ་གཏམ་བཤད་སྤེལ་སྐབས་ཐོག་མར་འཐུས་མི་སོ་སོ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཡིད་རྟོན་དང་མངགས་བཅོལ་གལ་ཆེན་ལ་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས་ཤིང་། བློ་མཐུན་ཝང་ཅན་ཅུན་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགོ་ཁྲིད་དེ་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་བླ་མེད་གུས་འདུད་ཞུས། ཁོས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བཟང་བོ་བྱས་ཏེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བཟང་བོ་བྱེད་པ་དང་། འགན་འཁྲི་དང་ལས་འགན་ལག་བསྟར་བཟང་བོ་བྱེད་པ། མི་དམངས་མང་ཚོགས་ལ་འབྲེལ་འདྲིས་དམ་པོ་བྱེད་པ། དམངས་ཆེན་རང་སྟེང་འཛུགས་སྐྲུན་བཟང་བོ་བྱེད་པར་མ་ཟད། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་ལག་ལེན་བྱས་ཏེ། དུས་རབས་གསར་བའི་མཚོ་སྔོན་གྱི་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཞིན་ཁྲང་ཞིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དངོས་འབེབས་བཟང་བོ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་པ་ནི་ད་ལོའི་བྱ་བའི་གཙོ་སྙིང་ཡིན་པས། ངེས་པར་དུ་དྲིན་འཇལ་འབད་འཐབ་བྱེད་པ་དང་ཚོགས་ཆེན་གྱི་བརྗོད་སྙིང་གསལ་བོར་རྟོགས་པར་བྱེད་དགོས་ལ། སྤྱོད་ཚུལ་གསར་བ་མངོན་པར་བྱེད་པ་དང་ཁག་ཁུར་གསར་བ་དང་ལེན་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་གཏན་འཁེལ་གཉིས་ལ་བརྩི་བཀུར་དང་སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་པ་དང་། རྒྱུན་མཐུད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་མཚོ་སྔོན་དུ་དངོས་འབེབས་བཟང་བོ་བྱས་ཏེ་ཕན་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཏེ། དགེ་སྤེལ་སྐྱོན་སྤང་དང་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། རང་འགུལ་གྱིས་བྱེད་ཐབས་སྤྱད་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་དང་། སྔར་ལས་བཟང་བའི་སྒོ་ནས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་མཉམ་བསྲེས་དང་ཞབས་ཞུ་སྒྲུབ་དགོས། བློ་བརྟན་འགྱུར་མེད་སྒོས་དམངས་ཚིས་ལེགས་བཅོས་བྱེད་པ་དང་དམངས་ཚིས་དོན་དངོས་ལེགས་སྒྲུབ་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཏན་ཏིག་སྒོས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་བཏང་ནས། གཞི་རྩའི་སྤྱི་ཐུན་ཞབས་ཞུའི་ལག་བསྟར་རང་བཞིན་དང་དོ་མཉམ་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་དམིགས་འབེན་དང་ལས་འགན་ལ་དམ་པོར་དམིགས་ཏེ། ལག་བསྟར་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་། འགན་འཁྲི་དང་ལེན་བཟང་བོ་བྱེད་པ། ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ། དངོས་འབེབས་བྱ་བ་དམ་འཛིན་བྱས་ནས་ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་པར་མ་ཟད་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་ཇུས་གཞི་ཆེན་པོ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
ཚོགས་ཆེན་སྟེང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ལྟར། དཀའ་སྤྱད་འབད་བརྩོན་དང་སེམས་ཤུགས་གཅིག་སྒྲིལ། རྒྱུན་མཐུད་འབད་འཐབ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱིས་ལེའུ་གསར་བ་འབྲི་བར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པ་དང་གདན་དྲངས་པ་ལྟར་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་འདུག་མཁན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་ཡོད། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རྡོ་རྗེ་རབ་བརྟན་དང་རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀོང་རོང་གཉིས་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད། གྲོས་ཚོགས་ལ་ཟུར་ཞུགས་བྱེད་མཁན་ལ་ད་དུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁོངས་མི་དང་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་སྒྲུབ་ལས་ཁུངས། བྱ་བའི་སྒྲིག་གཞི་དང་དེ་མིན་ཞིང་ཆེན་དམངས་ཆེན་ལས་ཁུངས་སུ་སྡོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཁག་གི་འགན་འཁུར་བ་བཅས་ཡོད།
བཀྲ་ཤིས་འབུམ་གྱིས་བསྒྱུར།