ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2022.06.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

ཟླ་དྲུག་པའི་ཚེས་ལྔ་ཉིན། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ལེན་དབྱིན་དང་། ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། གསར་འགྱུར་མགྲིན་ཚབ་པ། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཉིང་སྐྱར་བརྟག་དཔྱད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱིན་ཧའེ་ཐའོ། ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། གསར་འགྱུར་མགྲིན་ཚབ་པ་ཞུའུ་ཅེ་བཅས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་གྱི་འགུལ་རྣམ་ཆ་འཕྲིན་ཆེས་གསར་བ་ཁྱབ་བསྒྲགས་བྱས་པ་དང་། འབྲེལ་ཡོད་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།

ལིའུ་ལེན་དབྱིན་གྱིས་བཤད་རྒྱུར། རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་ཚོས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་པར་བརྟེན་ནས། མིག་སྔར་གཏན་ཁེལ་ནད་པ་ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པ་དང་ནད་རྟགས་མེད་པའི་ནད་པ་ཚང་མ་ལོགས་བཀར་བཀག་སྡོམ་ལས་གློད་པ་དང་། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་གནས་བབ་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་ལ། ཐོན་སྐྱེད་འཚོ་བ་མགྱོགས་མྱུར་དང་གོ་རིམ་ལྡན་པའི་ངང་སླར་གསོ་བྱས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བ་ཕན་ནུས་ལྡན་པར་སྒྲུབ་ཆེད་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་པ། རིམས་ནད་འགོག་སྡོམ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་ཆེད། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་རིམས་ནད་འགོག་སྡོམ་བྱེད་ཐབས་ལེགས་སྒྲིག་བྱེད་རྒྱུ་ཐག་བཅད། ཟི་ལིང་གྲོང་ཁྱེར་གྱི་འགྲིམ་འགྲུལ་བཀག་སྡོམ་གློད་རྒྱུ་ཡིན་ཏེ། ཟླ་དྲུག་པའི་ཚེས་དྲུག་ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱི་ཡུལ་གནས་སོ་སོའི་འགྲིམ་འགྲུལ་བཀག་སྡོམ་བྱེད་ཐབས་གློད་པ་དང་། གྲོང་ཁྱེར་ནང་ཁུལ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་བར་གྱི་མི་དང་རླངས་འཁོར་འགྲོ་འོང་སླར་གསོ་བྱེད་རྒྱུ་ཡིན་པ་དང་། གཙོ་གནད་མཁར་ཁུལ་དང་རྟ་ཐང་རྫོང་། སྟོང་སྐོར་རྫོང་། ཧོང་ཀྲུང་ཆུའུ་བཅས་བར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་འགྲོ་འོང་སླར་གསོ་བྱེད་རྒྱུ་རེད། ཟི་ལིང་དུ་ཡོང་བ་དང་ཕྱིར་ཟི་ལིང་དུ་ལོག་པའི་མིའི་དོ་དམ་ཕྱོགས་ནས། རྒྱུན་རྣམ་ཅན་གྱི་བརྟག་དཔྱད་ཕྱོགས་བསྡུས་ཞབས་ཞུ་ལག་བསྟར་བྱེད་རྒྱུ་རེད། ཟླ་དྲུག་པའི་ཚེས་དྲུག་ཉིན་ནས་བཟུང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་བར་འགྲོ་འོང་བྱེད་པའི་རླངས་འཁོར་ལ་ཨང་གཉིས་བཤེར་བ་དང་དུས་ཚོད་དོན་གཉིས་རིང་གི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་མཇུག་འབྲས་ཀྱི་བདེན་དཔང་དགོས་པ་དང་། ས་ཁོངས་བརྒལ་བའི་རླངས་འཁོར་ལ་ཞིང་ཆེན་རིམ་པའི་གཞུང་ལམ་འགག་སྒོའི་ཉིང་སྐྱུར་བརྟག་དཔྱད་བྱས་པའི་འབྲེལ་ཡོད་ཀྱི་ཡིག་ཆ་ཡོད་ན་ཐད་ཀར་འགྲོ་འོང་བྱས་ཆོག དེ་ལས་གཞན་པའི་ཞིང་ཆེན་གཞན་པ་ནས་ཡོང་བའི་རླངས་འཁོར་ལ་ཨང་གཉིས་བཤེར་བ་དང་དུས་ཚོད་ཞེ་བརྒྱད་རིང་གི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཀྱི་དཔང་ཡིག་ཡོད་དགོས། ཕྱིར་ཟི་ལིང་དུ་ལོག་པའི་མི་སྣས་ངེས་པར་དུ་ཟི་ལིང་ལ་མ་ཐོན་པའི་དུས་ཚོད་ཉེར་བཞིའི་ནང་ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཡར་ཞུ་ཐོ་འགོད་མ་ལག་བརྒྱུད་དེ་ཡར་ཞུ་བྱེད་དགོས་པ་དང་། དམིགས་བསལ་གྱི་རྒྱུ་རྐྱེན་དབང་གིས་སྔོན་དུ་ཡར་ཞུ་ཐོ་འགོད་བྱེད་མ་ཐུབ་ན། ཟི་ལིང་དུ་ཐོན་རྗེས་ཀྱི་དུས་ཚོད་གཉིས་ནང་ཡར་ཞུ་ཐོ་འགོད་བྱེད་པ་དང་། ཡར་ཞུ་མ་བྱས་པའི་མི་སྣར་གཏན་ཁེལ་ལྟར་གཅིག་བསྡུས་ལོགས་བཀར་བྱ་དགོས། སྤྱི་ཚོགས་ཕྱོགས་ངོས་ཀྱི་དོ་དམ་ཐད་ནས། ཟླ་དྲུག་པའི་ཚེས་དྲུག་ཉིན་ནས་བཟུང་། རིགས་མི་འདྲ་བའི་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་ལས་དོན་སྡེ་ཁག ཞབས་ཞུའི་སྒེའུ་ཁུང་གི་ལས་བྱེད་མི་སྣས་དུས་ཚོད་དོན་གཉིས་རིང་གི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཀྱི་དཔང་ཡིག་ཁྱེར་ནས་ལས་རྐང་སྟེང་ཞུགས་དགོས། ལྗོངས་རྒྱུ་ཁུལ་གྱི་སྤྱི་གླིང་དང་ཚོང་ར་སོགས་སྤྱི་པའི་གནས་ཡུལ་དུ། ལུས་དྲོད་འཇལ་བ་དང་ཨང་གཉིས་བཤེར་བྱེད་བ། དུས་ཚོད་དོན་གཉིས་རིང་གི་ཉིང་སྐྱར་བརྟག་དཔྱད་སྲིབ་གཤིས་ཀྱི་དཔང་ཡིག་དགོས་པ་མ་ཟད། ཁ་ཐུམ་རྒྱག་པ་དང་རླུང་རྒྱུ་བ་དང་དུག་སེལ་སོགས་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་དགོས། སློབ་ཆེན་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ། རྒན་གསོ་ཁང་། རྒན་བཀུར་ཁང་། བཙོན་ཁང་སོགས་དམིགས་བསལ་ཡུལ་གནས་སུ་མུ་མཐུད་དུ་བཀག་སྡོམ་དོ་དམ་ལག་བསྟར་ནན་མོ་བྱེད་དགོས། ཆོས་ལུགས་བྱེད་སྒོ་སྤེལ་ས་སྣ་ཚོགས་མུ་མཐུད་དུ་སྒོ་རྒྱག་དགོས། གློག་བརྙན་ཁང་དང་ཆང་ཁང་། རྩེད་འཇོ་ཁང་། དྲ་ཁང་སོགས་རྩེད་འཇོ་ཡུལ་གནས་ཀྱིས་མུ་མཐུད་དུ་སྒོ་རྒྱག་དགོས་པ་དང་། རྗེས་དུས་རིམས་ནད་ཀྱི་གནས་བབ་ལ་གཞིགས་ནས་ལེགས་སྒྲིག་བྱེད་དགོས། ཟི་ལིང་གྲོང་ཁྱེར་བཟའ་བཏུང་ཞབས་ཞུ་སྡེ་ཁག་གིས་ཁྱོན་ཡོངས་དུག་སེལ་དང་མི་སྣའི་བདེ་ཐང་ལྟ་ཞིབ། བདེ་འཇགས་ཉེན་ཁ་རྟོག་སེལ་བྱེད་དགོས།

དབྱིན་ཧའེ་ཐོའ་ཡིས་བཤད་རྒྱུར། ཟླ་ལྔ་པའི་ཚེས་ཉེར་དྲུག་ཉིན་གྱི་ཚུན་དུ། ཟི་ལིང་གྲོང་ཁྱེར་གོང་འོག་ཡོངས་ཀྱིས་རིམས་ནད་ཕྱི་ནས་ནང་དུ་མཆེད་པར་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཐབས་ཇུས་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། ལྷོད་གཡེང་དང་སུན་སྣང་སོགས་ཀྱི་བསམ་བློ་ཁྱད་སེལ་བྱས་ནས། གཙོ་གནད་མཁར་ཁུལ་དང་ཧོང་ཀྲུང་ཆུའུ། རྟ་ཐང་རྫོང་། སྟོང་སྐོར་རྫོང་། ས་ཁུལ་དང་རྫོང་སོ་སོའི་བཀག་སྡོམ་ཁུལ་དང་འཛིན་སྡོམ་ཁུལ། འགོག་ཟོན་ཁུལ་བཅས་ཀྱི་ཁུལ་ཁོངས་གཙོ་བོའི་མི་ཚོགས། སྨན་བཅོས་འཕྲོད་བསྟེན་དང་འགྲིམ་འགྲུལ། རྒན་གསོ། དངོས་སྐྱེལ། ཚོང་ར་སོགས་ལས་རིགས་སོ་སོའི་མི་ཚོགས་བཅས་ལ་ཉིང་སྐྱུར་བརྟག་དཔྱད་བྱས། མིག་སྔའི་བར་དུ། བསྡོམས་པས་མི་ས་ཡ་དགུ་དང་འབུམ་གཅིག་ཁྲི་གཅིག་སྟོང་དགུ་ལ་ཉིང་སྐྱུར་བརྟག་དཔྱད་བྱས། སྤྱི་ཚོགས་ངོས་ཀྱི་མི་ཚོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་ཚང་མ་སྲིབ་གཤིས་ཡིན་པ་དང་། གཅིག་བསྡུས་དོ་དམ་མི་ཚོགས་གཙོ་བོའི་ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་ཀྱང་སྲིབ་གཤིས་ཡིན་ལ། དེས་རིམས་ནད་འགོག་སྡོམ་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་། གོ་རིམ་རྗེས་མར། ཟི་ལིང་གྲོང་ཁྱེར་གྱིས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་རྒྱུ་ཡིན་པ་དང་། གཙོ་བོར་ཕྱི་ནས་ནང་དུ་མཆེད་པ་འགོག་པའི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་རྒྱུ་ཡིན། རིམས་ནད་བརྒྱུད་མཆེད་ཀྱི་ཉེན་ཁ་མེད་པར་བྱེད་ཆེད། ཟླ་དྲུག་པའི་ཚེས་དྲུག་ཉིན་དང་ཚེས་དགུ་ཉིན་གཉིས་ལ། ཟི་ལིང་གྲོང་ཁྱེར་གྱི་གཙོ་གནད་མཁར་ཁུལ་དང་ཧོང་ཀྲུང་སྟོད་པ་ས་ཁུལ་གྱི་མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་རྒྱུ་ཡིན་པ་དང་། རྒྱ་ཆེའི་མང་ཚོགས་ཚོས་སྲང་ལམ་གཞིས་ཁུལ་དང་ལས་ཁུངས་ཀྱི་བརྡ་སྦྱོར་རེ་བ་ལྟར། རང་འགུལ་དང་གོ་རིམ་ལྡན་པའི་སྒོ་ནས་ཁུལ་ཁོངས་ནང་གི་ཉིང་སྐྱུར་བརྟག་དཔྱད་ལ་ཞུགས་དགོས།

ཟླ་བཞི་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཞེ་བརྒྱད་དང་ལེན་སྨན་བཅོས་བྱས་པ་དང་། དེའི་ཁྲོད་གཏན་ཁེལ་ནད་པ་སོ་ལྔ་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་བཅུ་གསུམ་ཡོད་ལ། སྨན་བཅོས་མི་སྣས་ཉིན་མཚན་དབྱེར་མེད་ཀྱིས་འབད་འཐབ་བརྒྱུད་བྱས་པ་བརྒྱུད་ནས། ནད་པ་ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པས་བསྡོམས་པས་པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པའི་མི་སྣ་ཉིས་བརྒྱ་དང་ཞེ་བརྒྱད་དང་ལེན་སྨན་བཅོས་བྱས་པ་དང་། དེའི་ཁྲོད་གཏན་ཁེལ་ནད་པ་དོན་གཅིག་དང་ནད་རྟགས་མེད་པའི་ནད་པ་བརྒྱ་དང་དོན་བདུན་ཡོད་ལ། ད་ལྟ་ནད་པ་དེ་ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པ་དང་། དྲག་སྐྱེད་བྱུང་ནས་ཕྱིར་འབུད་ཚད་བརྒྱ་ཆའི་བརྒྱར་སླེབས།

ཞུའུ་ཅེ་ཡིས་བཤད་རྒྱུར། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྱ་བའི་རེ་བ་ལྟར། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་གྱི་སྤྱིའི་གནས་བབ་ལ་ཟུང་འབྲེལ་བྱས་པ་དང་། ཚན་རིག་དང་མཐུན་པ་དང་གནད་ཕིགས་འགོག་སྡོམ་དང་རིམ་བགར་རིགས་བགར་ལྟར་སློབ་འགོ་རྩོམ་པའི་རྩ་དོན་གཞིར་བཟུང་ནས། ཟླ་དྲུག་པའི་ཚེས་བཅུ་ཉིན་ནས་བཟུང་། སློབ་ཆུང་ལོ་རིམ་དྲུག་པ་དང་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་སློབ་འགོ་བརྩམས་ནས་སློབ་ཁྲིད་བྱེད་རྒྱུ་ཡིན་པ་དང་། ལོ་རིམ་གཞན་པ་དང་བྱིས་གཉོར་ཁང་གི་སློབ་མ་གནས་སྐབས་སུ་སློབ་གྲྭར་འགྲོ་མི་དགོས།

རིན་ཆེན་མཚོས་བསྒྱུར།