ཟླ་དྲུག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ནགས་རྩྭ་དང་སྐྱེ་ཁམས་སྲུང་སྐྱོབ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བཅས་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། རྒྱལ་དོན་གྱི་ཆེ་ཕྱོགས་ནམ་ཡང་ཡིད་ལ་དམ་པོར་འཛིན་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་ནན་མོ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་དང་གདོང་ལེན་དམག་བྱས་ཏེ། སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས།
ཝུའུ་ཞའོ་ཅུན་སོགས་སྔ་གཞུག་ཏུ་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ལ་སོང་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་འགྲེམ་སྟོན་དང་རི་སྐྱེས་སྲོག་ཆགས་དམར་དཔེ་ཁང་གཉིས་ལ་ལྟ་སྐོར་བྱས་པ་དང་། ཡུལ་དངོས་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་མ་ལག་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་འཕྲལ་བསྟུན་ཚོད་ལྟ་ཁང་། འོད་རིམ་ཚོད་ལྟ་ཁང་། མདོག་རིམ་ཚོད་ལྟ་ཁང་། དངོས་ལུགས་ཚད་འཇལ་ཁང་བཅས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་བལྟས་པ་མ་ཟད། ལས་བྱེད་པར་འཚམས་འདྲི་བྱས། ཁོས་བཤད་རྒྱུར། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་ནི། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། རྐང་འཛུགས་ས་དང་ཤུགས་འདོན་ས། ཟུང་འབྲེལ་བྱེད་ས་ཡང་དག་པར་འཚོལ་བ་དང་། བྱས་རྗེས་དེ་མི་གཅིག་གིས་འབད་འཐབ་ལས་བྱུང་བ་མིན་ལ། བྱས་རྗེས་འཇོག་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། རྨང་གཞི་ཇེ་བརྟན་དུ་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ། དགེ་མཚན་འབུར་དུ་ཐོན་པར་བྱེད་པ་དང་ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱེད་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་བྱས་རྗེས་བཞག་སྟེ། འགུལ་སྐྱོད་དངོས་ལ་བརྟེན་ནས་དེང་རབས་ཅན་གྱི་ལྗང་མདོག་གི་རྨང་གཞི་བརྟན་པོ་འདིང་དགོས།
དེའི་རྗེས་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་འགན་ནུས་སྡེ་ཁག་སོ་སོའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བར་ཡང་བསྐྱར་ནན་སྟོན་དང་ཡང་བསྐྱར་བཀོད་སྒྲིག་བྱས། ཁོས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སྔར་ལས་གཏིང་ཟབ་ཏུ་སྤེལ་དགོས། ཚོད་ལྟའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། འཁོར་རྒྱུག་རྐྱེན་སྲོལ་གསར་གཏོད་བྱེད་པ། སྤུས་ཚད་མཐོ་བའི་ངང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། མདོ་དབུས་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་འདོན་པ། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པ་བསྒྲུབ་པར་གྲ་སྒྲིག་བཟང་བོ་བྱས་ནས། རྒྱལ་ཁབ་ཀྱི་རེ་བ་དང་མཐུན་པ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་པའི་སྟེང་ཡང་བསྐྱར་གཅིག་འདོམས་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་གཅིག་འདོམས་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་གཞི་གཅིག་ཅན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་པ། གོ་རིམ་ལྡན་པའི་ངང་སོར་ཆུད་སྐྱེ་འཕེལ་ལམ་ལུགས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་བྱ་འགུལ་བཟང་བོར་སྤེལ་དགོས། ཐཱན་གཉིས་བྱ་བ་བསྒྲུབ་པར་སྔར་ལས་ཤུགས་སྣོན་དགོས། མཁོ་འདོན་སྣེ་དང་འཛད་སྤྱོད་སྣེ། ཐཱན་བརྟན་སྣེ་བཅས་ཀྱིས་མཉམ་དུ་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་པ་དང་། འགོ་ཁུངས་ནས་ཚོད་འཛིན་པར་ཤུགས་སྣོན་པ། ཐཱན་འདུས་ནུས་པ་མཐོར་འདེགས་གཏོང་བ། ལྗང་མདོག་འགུལ་སྐྱོད་དར་སྤེལ་གཏོང་བ། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ། ཚད་གཞི་མཐོ་བའི་ངང་དག་གཙང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཐོ་གཉིས་ལས་གཞི་རང་དགར་དུ་ལག་བསྟར་བྱེད་པར་ཚོད་འཛིན་ནན་མོ་བྱེད་པ། ཁྱབ་ཁོངས་གཙོ་བོའི་ནུས་ཁུངས་གྲོན་ཆུང་བྱེད་པ་དང་ཐཱན་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་ཐཱན་གཉིས་དམིགས་འབེན་ཐད་བྱས་རྗེས་འཇོག་དགོས། གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་སྔར་ལས་ཤུགས་སྣོན་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁོངས་ཡོངས་ཁོར་ཡུག་གི་གནད་དོན་འཚོལ་བ་དང་རྗེས་འདེད་བཅོས་སྐྱོང་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་ལྟ་སྐུལ་ནུས་པ་མཐོར་འདེགས་བཏང་སྟེ། མང་ཚོགས་ཉེ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་འབུར་ཐོན་གནད་དོན་གཅིག་བསྡུས་སྒོས་ཐག་གཅོད་དགོས། སྐྱེ་ཁམས་རིན་ཐང་བསྒྱུར་བར་སྔར་ལས་ཤུགས་སྣོན་དགོས། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རི་གཉིས་ཀྱི་ལག་ལེན་གསར་གཏོད་རྟེན་གཞིའི་དཔེ་སྟོན་ཚོད་ལྟ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་དམངས་ཕན་ལ་དམིགས་ནས་བཅོས་སྒྱུར་དམ་འཛིན་བྱེད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་འཐུས་ཐང་དུ་བཏང་ནས། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དམངས་ཕན་ལ་སྐུལ་འདེད་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་སྐྱེ་ཁམས་ས་ཁུལ་གྱི་སྡེ་ཁག་སོ་སོའི་བྱ་བའི་ལས་འགན་ལྕི་བ་དང་འགན་འཁྲི་ཧ་ཅང་ཆེ་བས། ཆབ་སྲིད་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཚད་མཐའི་བསམ་བློ་ཇེ་དྲག་ཏུ་གཏོང་བ། ནན་ཏན་སྒོས་གསར་གཏོད་བྱེད་པ་དང་། སྤྱོད་ཚུལ་བསྒྱུར་ནས། ཏང་དང་མི་དམངས་ཀྱིས་བསྩལ་བའི་གཟི་བརྗིད་འགན་འཁྲི་ཕྲག་ཏུ་ལེན་དགོས།
ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་མཉམ་དུ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུར་འགོ་མཛིན་བྱས།
རིན་ཆེན་མཚོས་བསྒྱུར།