མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་གྲོས་ཚོགས་ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་གཏམ་བཤད་སྐབས་ནན་གྱིས་བསྟན་དོན། མུ་མཐུད་དུ་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་། ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་གཏོང་བ། བཟང་བསྟོད་ངན་སྨད་དང་ལས་གཉེར་ལས་སྐྲུན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་པ་དང་། སྙིང་སྟོབས་ཆེན་པོ་དང་བྱ་བའི་སྤྱོད་ཚུལ་བཟང་བོ། བྱ་བའི་གྲུབ་འབྲས་བཟང་བོར་བརྟེན་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ་སྒྲོག་འདོན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པའེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཞིན་ཁྲང་ཞིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱོད་ཚུལ་འཛུགས་སྐྲུན་བྱེད་རྒྱུ་དེ་འགོ་རྩོམ་དུས་རིམ་དུ་བརྩིས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བཏང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་དེ་མཚོ་སྔོན་གྱི་འཕེལ་རྒྱས་དང་མ་འོངས་པར་འབྲེལ་བ་ཡོད་པར་ངོས་འཛིན་གཏིང་ཟབ་བྱེད་པ། འགན་འཁྲི་ལས་འགན་ཕྲག་ཏུ་ལེན་པ་དང་ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་གཞི་རྩ་སྲ་བརྟན་དུ་གཏོང་བ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པའི་རེ་བ་ལག་བསྟར་ནན་མོ་བྱེད་པ། དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་པ། ལས་བྱེད་པས་དུས་རབས་གསར་བའི་ནང་ཁག་ཁུར་གསར་བ་ཕྲག་ཏུ་ལེན་པ་དང་གྲུབ་འབྲས་གསར་བ་ལེན་པར་སྐུལ་སློང་བྱེད་པ་བཅས་བྱེད་ན། ངེས་པར་དུ་སྤྱོད་ཚུལ་འཛུགས་སྐྲུན་སྔར་ལས་དམ་འཛིན་བྱེད་དགོས།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤྱོད་ཚུལ་འཛུགས་སྐྲུན་གྱི་མདུན་དུ་ལྷགས་པའི་ལས་འགན་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། ཞིང་ཆེན་ཏང་ཨུས་བཏོན་པའི་བྱེད་ཐབས་འགའ་སེམས་ཞིབ་མོས་སློབ་སྦྱོང་བྱེད་པ་དང་རང་རྟོགས་སྒོས་ཞིབ་སྡུར་བྱེད་པ། བརྩི་སྲུང་ནན་མོ་བྱེད་པ། བར་ཐག་འཚོལ་བ་དང་ཞན་ཆ་ཁ་གསབ་བྱེད་པ། གུས་སྐྲག་གི་འདུ་ཤེས་ཡོད་པར་བྱས་ནས། གཟབ་ནན་གྱི་སྣང་ཚུལ་དང་དར་སྲོལ་བཟང་བོ་གྲུབ་པར་བྱེད་དགོས། སྤྱོད་ཚུལ་དམ་འཛིན་བྱེད་ན་ངེས་པར་དུ་ཆབ་སྲིད་གླེང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་རེ་བ་ལྟར་བསྒྲུབ་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་བྱེད་པ། ཏང་ཀྲུང་དབྱང་ནམ་ཡང་གཅིག་གྱུར་མཐོན་པོ་བྱེད་པ་ལས། གཏམ་སྤྱོད་མི་གཅིག་པ་དང་ཆད་ལྷག་དང་བབ་བསྟུན་སྒྱུར་བཅོས་གཏན་ནས་བྱེད་མི་རུང་བ་དང་། རྫུན་བཟོ་གཏན་ནས་བྱེད་མི་རུང་། སྤྱོད་ཚུལ་དམ་འཛིན་བྱེད་ན་ངེས་པར་དུ་སློབ་སྲོལ་སྒྱུར་བ་དང་། སློབ་སྦྱོང་བཟང་བོ་བྱེད་པ་དང་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན། ཡིད་ཆེས། བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ལས་རྐང་འགན་འཁྲི་ལག་བསྟར་བྱེད་པའི་ཐད་མཁོ་བའི་ཤེས་བྱ་སློབ་སྦྱོང་བྱེད་པ་དང་ཁོང་དུ་ཆུད་པར་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བར་འཆར་འགོད་དང་སྐུལ་འདེད་གཏོང་བའི་ནུས་པ་རུ་བསྒྱུར་དགོས། སྤྱོད་ཚུལ་དམ་འཛིན་བྱེད་ན་ངེས་པར་དུ་དོན་དངོས་སྒྲུབ་པ་དང་། ཡོད་ཚད་མི་དམངས་ཀྱི་ཆེད་དུ་སྒྲུབ་པ། འགོ་ཁྲིད་ལས་བྱེད་པས་གཞི་རིམ་དུ་འཚམས་འདྲི་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ། མང་ཚོགས་ཀྱི་རེ་འདུན་དང་ཞུ་གཏུག་ལ་རྒྱུས་ལོན་བྱེད་པའི་བརྒྱུད་རིམ་ཁྲོད། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། བྱ་བའི་སྤྱོད་ཚུལ་བསྒྱུར་ནས། མང་ཚོགས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བ་དང་མང་ཚོགས་ཀྱི་དཀའ་ངལ་སེལ་དགོས། སྤྱོད་ཚུལ་དམ་འཛིན་བྱེད་ན་ངེས་པར་དུ་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། འཕྲལ་དུ་བསྒྲུབ་དགོས་པའི་བྱ་བ་མྱུར་དུ་བསྒྲུབ་པ་དང་། ཡུན་རིང་གི་ལས་འགན་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། གཟེར་འདེབས་སྙིང་སྟོབས་ཀྱིས་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་ལས་གཉེར་ལས་སྐྲུན་བྱས་ཏེ། ཏང་དང་མི་དམངས་ཀྱིས་བསྩལ་བའི་འགན་འཁྲི་ཕྲག་ཏུ་ལེན་དགོས། སྤྱོད་ཚུལ་དམ་འཛིན་བྱེད་ན་ངེས་པར་དུ་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། རང་རྟོགས་སྒོས་སྤྱི་ཁོག་གཙོར་འཛིན་པ་དང་ལས་དོན་གཙོར་འཛིན་པ། ཕན་ཚུན་ལ་ཡིད་ཆེས་དང་རྒྱབ་སྐྱོར། བརྩི་བཀུར་བྱེད་པ། སེམས་ཤུགས་གཅིག་ཏུ་བསྡུས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། སྤྱོད་ཚུལ་དམ་འཛིན་བྱེད་ན་ངེས་པར་དུ་སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་། ཏང་གི་སྒྲིག་ལམ་སྒྲིག་སྲོལ་ནམ་ཡང་གཙོར་འཛིན་པ། སྒྲིག་ལམ་གྱི་ཚད་མཐའ་བརྟན་སྲུང་བྱེད་པ། སྤྱོད་གཙང་སྲོལ་བཟང་དར་སྤེལ་བཏང་སྟེ། ཁ་ངོ་ལ་བལྟས་ནས་ཏང་གཤིས་ཤོར་བར་བྱེད་མི་རུང་བ་དང་། རྩ་དོན་སྣང་མེད་དུ་བཞག་ནས་ཉོ་ཚོང་བྱེད་མི་རུང་།
གྲོས་ཚོགས་དེ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་ཁག་དང་མང་ཚོགས་ཚོགས་པ་སོ་སོ། ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས། གྲོང་ཁྱེར་དང་ཁུལ། རྫོང་། ཆུའུ་བཅས་སུ་ཡན་ལག་ཚོགས་ར་བཙུགས།