ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཁག་ཁུར་བྱེད་ཕོད་པ་དང་། གསར་གཏོད་འཕེལ་རྒྱས་ཁྲོད་དགེ་མཚན་འདོན་སྤེལ་བྱེད་པ། དཔལ་འབྱོར་གྱི་གཞི་རྩ་ཇེ་བརྟན་དུ་གཏོང་བའི་སྟེང་འགན་འཁྲི་ཕྲག་ཏུ་ལེན་པ། སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ། མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་སྟེང་མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།
ཚོགས་ཐོག་ཏུ། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་དང་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་ཟི་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་ཟི། རྒྱལ་ཁབ་གློག་གཏོང་སྡེ་ཚོགས་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི། ཀྲུང་གོ་ཧ་ཡང་མ་རྐང་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟི། ཀྲུང་གོ་གློག་འཕྲིན་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟི། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་གྱིས་སྔ་གཞུག་ཏུ་གཏམ་བཤད། ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་ལ་ཉན་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད་ཚང་མ་དང་བརྗེ་རེས་བྱས་པ་དང་། མཐུན་སྦྱོར་ངང་དཀའ་ཁག་གནད་དོན་ཐག་བཅད།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་སོ་སོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། ཀྲུང་དབྱང་ཁེ་ལས་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་རྨང་རྡོ་དང་། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཟབ་ཞུགས་པ་དང་འཛུགས་སྐྲུན་མཁན། བྱས་རྗེས་འཇོག་མཁན་བཅས་ཡིན། དུས་ཡུན་རིང་བོར། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་རང་སྟེང་གི་ཐོན་སྐྱེད་ཚོང་གཉེར་ཆུ་ཚད་མཐོར་འདེགས་གཏོང་བའི་ཞོར་དུ། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ཚན་རྩལ་གསར་གཏོད་དང་ཐོན་ལས་ཚུལ་སྒྱུར། མཁར་གྲོང་འཛུགས་སྐྲུན། དམངས་ཚིས་ལེགས་སྒྱུར་སོགས་ཐད་ནས་བྱས་རྗེས་གལ་ཆེན་བཞག
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་ཕ་ཡུལ་དུ་བརྩིས་ནས། སྐྱེ་ཁམས་དང་ཐོན་ཁུངས་ནུས་ཁུངས་ཁྱབ་ཁོངས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ། འཁོར་སྐྱོད་གཉིས་ཀྱི་འཕེལ་རྒྱས་ཆགས་སྟངས་གསར་བ་ལས་བྱུང་བའི་ལས་འགན་གསར་བ་དང་གོ་སྐབས་གསར་བར་ངོས་འཛིན་གཏིང་ཟབ་བྱེད་པ། མཐོ་གནས་དང་གནས་བཞི་འཛུགས་སྐྲུན་ལ་དམ་དུ་དམིགས་ནས། ལྗང་མདོག་ཐཱན་དམའ་འཁོར་རྒྱུག་གི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་ངང་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་བྱེད་པའི་ཁྲོད་ཁག་ཁུར་འབད་འཐབ་བྱེད་དགོས། ཀྲུང་དབྱང་ཁེ་ལས་ཀྱིས་ཐོན་ཁུངས་དང་ཤེས་ལྡན་མི་སྣ། ལག་རྩལ། དོ་དམ་སོགས་ཕྱོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། འདུ་ཤེས་གསར་གཏོད་དང་འཕེལ་རྒྱས་ཀྱི་མ་དཔེ་གསར་གཏོད། མཉམ་ལས་ཀྱི་རྣམ་པ་གསར་གཏོད། ཚན་རྩལ་གསར་གཏོད་བཅས་ལ་སྔར་ལས་མཐོང་ཆེན་བྱས་ཏེ། མཚོ་སྔོན་གཡུལ་ས་གསར་བར་བརྩི་བ་དང་། འཕར་སྣོན་གྱི་སྣེ་བསྐྲུན་པའི་ཐད་ཤུགས་འདོན་དགོས། སྦས་ཤུགས་སྔོག་འདོན་བྱེད་པ་དང་ཚོང་ར་རྒྱ་བསྐྱེད་པ། དངུལ་གཏོང་ཚད་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ། ལས་རྐང་བརྟན་འཇགས་དང་ལས་རྐང་རྒྱ་སྐྱེད་འགུལ་སྐྱོད་སྤེལ་ནས། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ལས་རྐང་རྒྱ་བསྐྱེད་དགོས། བདེ་འཇགས་ཉེན་ཁ་རྟོག་སེལ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། བདེ་འཇགས་དོན་རྐྱེན་ཧ་ཅང་ཆེན་པོ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་པ་དང་། རོགས་སྐྱོར་རྒྱུན་མཐུད་ངང་སྤེལ་བ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བཟང་བོ་བྱེད་པ། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་རོགས་འདེགས་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་ཀྱང་མཚོ་སྔོན་གྱི་ཁེ་ལས་ཡིན་པའི་འདུ་ཤེས་འཛུགས་པ་དང་། ཀྲུང་དབྱང་དང་ས་གནས་སྦྲེལ་མཐུད་མཉམ་འགུལ་རྐྱེན་སྲོལ་འཛུགས་པ། ལས་གཞིའི་དངུལ་གཏོང་ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་པ། དཔལ་འབྱོར་ཇེ་བརྟན་དུ་གཏོང་བའི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱས་ནས། ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཞབས་ཞུ་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་པ་དང་ཁོར་ཡུག་སྔར་ལས་བཟང་བོ་བསྐྲུན་པ། སྟབས་བདེ་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་སེམས་བདེ་མོས་མཚོ་སྔོན་ནས་དངུལ་གཏོང་ལས་སྤེལ་བྱེད་ཐུབ་པར་བྱེད་དགོས་པའི་རེ་བ་བཏོན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་ཚོགས་འདུར་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་ཚོགས་འདུར་མགོ་འཛིན་བྱས།
རིན་ཆེན་མཚོས་བསྒྱུར།