ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་ནས་ཀྲུང་གོ་ལེན་ཐུང་གི་ཏང་ཙུའུ་ཧྲུའུ་ཅི། ཏུང་ཧྲི་ཀྲང་ལིའུ་ལེ་ཧུང་སོགས་དང་བཞུགས་མོལ་བྱས།
2022.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་ནས་ཀྲུང་གོ་ལེན་ཐུང་གི་ཏང་ཙུའུ་ཧྲུའུ་ཅི། ཏུང་ཧྲི་ཀྲང་ལིའུ་ལེ་ཧུང་སོགས་དང་བཞུགས་མོལ་བྱས།

བཞུགས་མོལ་ཚོགས་འདུའི་སྔོན་ལ། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ལེན་ཐུང་གིས་གྲངས་འཛིན་མཚོ་སྔོན་འཐབ་ཇུས་མཉམ་ལས་ཀྱི་སྤྱིའི་གྲོས་མཐུན་བཀོད་པ་དང་། ཝུའུ་ཞའོ་ཅུན་དང་ལིའུ་ལེ་ཧུང་གཉིས་ཀྱིས་གྲོས་མཐུན་བཀོད་པར་བདེན་དཔང་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་ཀྲུང་གོ་ལེན་ཐུང་གི་སྤྱི་གཉེར་བ་གཞོན་པ་ཐང་ཡུང་པོ་ཡིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་གྲོས་མཐུན་སྟེང་མིང་བཀོད་པར་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་བཞུགས་མོལ་ཚོགས་འདུར་ཞུགས།

ཞིན་ཁྲང་ཞིང་གིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལིའུ་ལེ་ཧུང་སོགས་མཚོ་སྔོན་ལ་ཡོང་བར་དགའ་བསུ་ཞུས་པར་མ་ཟད་ཀྲུང་གོ་ལེན་ཐུང་གིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གཏན་འཁེལ་གསལ་བོ་བྱས། དེང་སྐབས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་འགོ་ཚུགས་ས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཕྱོགས་སུ་སྤོབས་པ་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཐེངས་འདིར་མིང་བཀོད་པ་གོ་སྐབས་སུ་བཟུང་སྟེ། རྒྱུན་མཐུད་སྒོས་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ཅིང་ཤར་གྲངས་ནུབ་རྩིས་དང་ཤར་གྲངས་ནུབ་གསོག་སོགས་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱེད་པ་དང་། གྲངས་འཛིན་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས།

ལིའུ་ལེ་ཧུང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་ལེན་ཐུང་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། མཚོ་སྔོན་ལ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་དམིགས་བསལ་ཁྱད་སྟོབས་ལྡན་པ་དང་། ཐེངས་འདིར་འཐབ་ཇུས་མཉམ་ལས་ཀྱི་སྤྱིའི་གྲོས་མཐུན་བཀོད་པ་དེས་ཕྱོགས་གཉིས་བར་གྱི་དངོས་གཉེར་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་ངེས་ཡིན་ཟེར། ཁོས་གོ་རིམ་རྗེས་མར་ཀྲུང་གོ་ལེན་ཐུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་གང་ལེགས་བྱས་ཏེ། རང་འགུལ་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་དུ་ཞུགས་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ་འཆར་འགོད་དང་བཀོད་སྒྲིག་ལ་ཤུགས་སྣོན་པ་དང་། གྲངས་འཛིན་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱེད་ངེས་ཡིན་ཟེར།

ཉིན་དེའི་གྲོས་མཐུན་འགོད་པའི་མཛད་སྒོའི་སྟེང་། མགོ་ལོག་ཁུལ་སྲིད་གཞུང་དང་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི། རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་ཀྲུང་གོ་ལེན་ཐུང་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་ཟིའི་བར་དུ་ཐོན་ལས་གནས་བཞི་འཛུགས་སྐྲུན་གྱི་འཐབ་ཇུས་མཉམ་ལས་ཀྱི་སྤྱིའི་གྲོས་མཐུན་བཀོད། ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་ཁུལ། རྨ་ལྷོ་ཁུལ། ཡུས་ཧྲུའུ་ཁུལ། ན་གོར་མོ་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་ཀྲུང་གོ་ལེན་ཐུང་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་ཟིའི་བར་དུ་རིག་སྟོབས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་མཉམ་ལས་ཀྱི་སྤྱིའི་གྲོས་མཐུན་དང་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་མཉམ་ལས་ཀྱི་སྤྱིའི་གྲོས་མཐུན་བཀོད།

                                                                                                            བཀྲ་ཤིས་འབུམ་གྱིས་བསྒྱུར།