ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་བཞི་བཅུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གིས་ཞིང་གསུམ་བྱ་བའི་སྐོར་གླེང་བ་ཞེས་པ་དང་དེ་མིན་རྒྱལ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་བྱ་བ་ཡར་ཞུ་བྱས་པར་ཉན་པར་མ་ཟད་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
གྲོས་ཚོགས་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་ཀྲུང་དབྱང་སྐོར་ཐེངས་བརྒྱད་པའི་སྐོར་ཞིབ་དངུལ་རྩ་ལས་ཁུངས་ཀྱི་དག་ཐེར་ལེགས་སྒྱུར་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དེ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དངུལ་རྩ་བྱ་བར་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་པར་བྱས་པ་དང་། དངུལ་རྩ་ཁྱབ་ཁོངས་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་ཆོད་སེམས་མཚོན་པར་བྱས་ཡོད་ལ། རྒྱལ་ཁབ་དངུལ་རྩའི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཁྲིད་ཕྱོགས་གསལ་བོ་མཚོན་པར་བྱས་ཡོད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱིས་དངུལ་རྩ་ཁྱབ་ཁོངས་ཀྱི་སྐོར་ཞིབ་བྱ་བའི་ཐད་བཏོན་པའི་བླང་བྱ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཆབ་སྲིད་སྐོར་ཞིབ་ཀྱི་ངོས་ཟིན་དང་དངུལ་རྩ་བྱ་བའི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་གྱི་ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་། རང་ཞིང་གི་དངུལ་རྩའི་ཁྱབ་ཁོངས་སུ་གནས་པའི་ཉེན་ཁ་དང་རྩད་ཆོད་པའི་རུལ་སུངས་གྱོད་དོན་ཁྲོད་དུ་ཞིབ་ལྟ་བྱེད་པ་དང་དཔེ་གཅིག་གིས་དོན་བརྒྱ་མཚོན་པར་བྱེད་དགོས་ལ། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུ་ཡིས་དངུལ་རྩ་ཁྱབ་ཁོངས་སུ་སྐོར་ཞིབ་བྱེད་པའི་ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན། ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། དངུལ་རྩའི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་ནས། དངུལ་རྩས་སྔར་ལས་བཟང་བའི་སྒོ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་བཞི་བཅུ་པའི་སྟེང་གནང་བའི་གསུང་བཤད་ཀྱི་མཐོང་རྒྱ་ཡངས་ཤིང་དགོངས་པ་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས། དེར་ཆབ་སྲིད་རང་བཞིན་དང་དམིགས་ཡུལ་རང་བཞིན། མཛུབ་སྟོན་རང་བཞིན་དྲག་པོ་ལྡན་པས། ང་ཚོས་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བར་སྐུལ་འདེད་གཏོང་བར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། རང་ཉིད་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་ཀྱི་འཁོར་ཡུན་ལས་ལེགས་འགྲུབ་བྱུང་བའི་ཐབས་ལམ་གསལ་བོར་ཤེས་པར་བྱས་ཏེ། དེའི་ཁྲོད་ཀྱི་ལོ་རྒྱུས་གཏན་ཚིགས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཏང་གི་རང་ཉིད་གསར་བརྗེ་ཡི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་དགོས། བློ་ཐག་རྦད་ཆོད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་ལེན་བཟང་བོ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱི་འགན་འཁྲི་དང་ལས་བགོས་འགན་འཁྲི། ཁྱོན་ཡོངས་ཀྱི་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་དགོས།
གྲོས་ཚོགས་ནས་བསྟན་དོན། ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གླེང་བ་ཞེས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་སྙིང་བསྡུས་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དུས་རབས་གསར་བའི་ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་པའི་ཤེས་རྟོགས་ཀྱི་རྣམ་བཤད་དང་ལག་ལེན་གྱི་རྣམ་བཤད། སྒྲུབ་སྟངས་ཀྱི་རྣམ་བཤད་བཅས་ཡིན་པས། ང་ཚོས་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པར་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་འདོན་སྤྲོད་བྱས། ཞིང་གསུམ་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་གྱི་འཐབ་ཇུས་གོ་གནས་གསལ་བོར་ཤེས་པར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་གཅིག་གྱུར་བྱེད་པ་དང་། ཆད་ལུས་མེད་པར་ཞིང་གསུམ་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་འཐབ་ཇུས་བྱེད་ཐབས་གསལ་བོར་ཤེས་པར་བྱེད་པ་དང་། རྨོ་ཞིང་དང་ཆུ་བེད། ཚན་རྩལ། སྲིད་ཇུས་སོགས་ཀྱི་གནད་འགག་བྱ་བ་དམ་འཛིན་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐད་ལ་མཚོ་སྔོན་གྱིས་བྱས་རྗེས་འཇོག་དགོས། ཏང་གིས་ཞིང་གསུམ་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་པའི་འཐབ་ཇུས་བླང་བྱ་གསལ་བོར་ཤེས་པར་བྱེད་པ་དང་། རིམ་པ་ལྔའི་ཧྲུའུ་ཅི་ཡིས་གྲོང་གསེབ་དར་སྤེལ་བྱ་བ་དམ་འཛིན་བྱེད་པའི་རྐྱེན་སྲོལ་འཐུས་ཚང་བཏང་ནས། ཞིང་གསུམ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་རྒྱུགས་ལེན་ཡག་པོ་སྤྲོད་དགོས།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱི་འཆར་ལྡན་བུ་སྐྱེས་སྲིད་ཇུས་ལེགས་སྒྱུར་བྱས་ཏེ་མི་གྲངས་ཡུན་རིང་ལ་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ནས་ཉིས་སྟོང་ཉེར་གཅིག་ལོའི་དམིགས་འབེན་འགན་འཁྲིའི་གྲུབ་འབྲས་དཔྱད་ཞིབ་མཇུག་འབྲས་དང་ཉིས་སྟོང་ཉེར་གཉིས་ལོའི་དཔྱད་ཞིབ་དམིགས་ཚད་གྲོས་གཞི་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་ཡར་ཞུ་ལ་ཉན
གྲོས་ཚོགས་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།