ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞོ་ཅུན་གྱིས་སྔ་གཞུག་ཏུ་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བ་དངོས་འབེབས་གང་ལེགས་བྱས་པ་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་ནས་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་བྱ་བ་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། དངུལ་རྩའི་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་དངུལ་རྩའི་ཉེན་ཁར་དོགས་ཟོན་དང་ཞི་འཇགས་སུ་གཏོང་བའི་སེམས་ཁྲལ་འདུ་ཤེས། དངུལ་རྩས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་གསར་སྐྲུན་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། དངུལ་རྩའི་བྱ་བ་བཟང་བོར་བསྒྲུབ་པའི་ནུས་པ་ཇེ་ཆེར་གཏོང་བ། དངུལ་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་བཞི་བཅུ་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ་བླངས་པའི་ལོ་རྒྱུས་རང་བཞིན་དང་གསར་སྐྲུན་རང་བཞིན་གྱི་གྲུབ་འབྲས་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་དང་འཐབ་རྩོད་བྱས་ཏེ་བླངས་པའི་གྲུབ་འབྲས་དང་བསགས་པའི་ཉམས་མྱོང་ལ་ངོས་འཛིན་ཟབ་མོ་བྱེད་དགོས་ལ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་ངོས་འཛིན་ཟབ་མོ་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་དང་འཐབ་རྩོད་བྱེད་པའི་མཁྲེགས་གཏོར་འཐབ་ཇུས་དང་ཡུན་རིང་ལ་འཐབ་པའི་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། ཁྱབ་ཁོངས་གཙོ་བོ་དང་གནད་འགག་དབང་ཆ་དང་དམ་པོར་སྦྲེལ་ཏེ། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་དང་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་ཞིང་སྤྱོད་གཙང་སློབ་གསོར་ཤུགས་སྣོན་པ་དང་། རྒྱུན་རྣམ་ཅན་དང་ཕན་ནུས་ཅན་གྱི་སྒོ་ནས་རུལ་སུངས་གནད་དོན་ལ་དོགས་ཟོན་དང་བཅོས་སྐྱོང་བྱས་ནས། སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ནས་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གླེང་བ་ཞེས་པ་དང་དེ་མིན་རྒྱལ་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་གསུམ་བྱ་བའི་ཐད་གནང་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་བར་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པར་འགུལ་སྐྱོད་རྩ་འཛིན་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། སློབ་སྦྱོང་བཟང་བོ་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། ཕུན་སུམ་ཚོགས་པའི་ནང་དོན་དང་ཚན་རིག་དང་མཐུན་པའི་མ་ལག སྲོག་ཤིང་དོན་སྙིང་། ལག་ལེན་རེ་བ་བཅས་གསལ་བོར་ཤེས་པར་བྱེད་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པ་དང་། ཏན་ཏིག་སྒོས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་བྱ་བའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ནས་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
གྲོས་ཚོགས་ནས་སློབ་ཆེན་སློབ་མའི་ལས་ཞུགས་ལས་སྤེལ་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་སྐོར་གྱི་བྱེད་ཐབས་འགའ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་སྲོལ་ཡིག་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ནས་ད་དུང་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་པ། ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཁར་གྲོང་སྡོད་དམངས་ཀྱི་འཚོ་བ་འགན་སྲུང་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།