ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་བཞི་ཉིན་བར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ལྔ་ཡིས་སྔ་གཞུག་ཏུ་མགོ་ལོག་ཁུལ་དང་དེའི་ཁོངས་གཏོགས་རྫོང་སོ་སོ་དང་། རྨ་ལྷོ་ཁུལ་ཧི་ནན་རྫོང་དང་རྩེ་ཁོག་རྫོང་སོགས་ས་ཁུལ་བཅུ་གཅིག་དང་སྡེ་ཁག་ཏུ་སྐོར་ཞིབ་བཅའ་སྡོད་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐོག་མ་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས།
སྐོར་ཞིབ་ཚན་ཆུང་བཅའ་སྡོད་བྱས་རྗེས། སྐོར་ཞིབ་བྱས་པའི་ས་ཁུལ་དང་སྡེ་ཁག་གིས་སོ་སོར་སྐོར་ཞིབ་བཅའ་སྡོད་སྐུལ་སློང་གྲོས་ཚོགས་བསྡུས། ཚོགས་ཐོག་ཏུ། སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ་ཡིས་སྐུལ་སློང་གཏམ་བཤད་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་དང་པོའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། སེམས་ཤུགས་གཅིག་ཏུ་ཕྱོགས་ནས་ཐེངས་འདིའི་སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་པ་བཅས་ཐད་ནས་རེ་བ་བཏོན།
སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོས་བསྟན་དོན། སྐོར་ཞིབ་ནི་ཏང་གི་སྒྲིག་སྲོལ་གྱིས་བསྩལ་བའི་འགན་འཁྲི་གལ་ཆེན་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པའི་བྱེད་ཐབས། ཏང་གི་རང་ཉིད་གསར་བརྗེ་བྱེད་པ་དང་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཡིན། སྐོར་ཞིབ་བྱས་པའི་ས་ཁུལ་དང་སྡེ་ཁག་གི་ཏང་རྩ་འཛུགས་ཀྱིས་སྐོར་ཞིབ་སྤེལ་བ་དེས། སྐབས་གསར་བའི་ཞིང་ཆེན་ཏང་ཨུས་ས་ཁུལ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་དང་ཏང་ཡོན་ལས་བྱེད་པར་སེམས་ཁུར་གཟིགས་སྐྱོང་བྱེད་པ་མཚོན་ཡོད། སྐོར་ཞིབ་ཐད་ནས་གནད་དོན་དང་བར་ཐག་འཚོལ་བ་དེ་གྲུབ་འབྲས་ལ་ཁས་མི་ལེན་པ་མིན་པར། དེ་ནི་དམིགས་འབེན་ལ་སྔར་ལས་དམ་དུ་དམིགས་པ་དང་འཕེལ་རྒྱས་ཀྱི་བར་སྟོང་འཚོལ་བ་དང་། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱིས་བརྟན་ཚུགས་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པར་ཁྱོན་ཡོངས་ནས་ཆབ་སྲིད་ཀྱི་བརྟག་དཔྱད་བྱས་པ་ཞིག་ཡིན།
སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོས་ནན་གྱིས་བསྟན་དོན། ཆབ་སྲིད་སྐོར་ཞིབ་ཀྱི་གནས་ཐིག་གཏན་འཁེལ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་གནས་ཚུལ་གཙིགས་སུ་འཛིན་པ་དང་། གནད་འགག་གྲངས་ཉུང་དང་ལྷག་པར་དུ་འགོ་ཁྲིད་དང་པོ་དང་འགོ་ཁྲིད་ཚན་ཁག་གིས་དག་གཙང་སྒོས་ཆབ་སྲིད་བྱ་བ་བསྒྲུབ་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཕུལ་བྱུང་སྤྱོད་ཚུལ་སྔར་ལས་དར་སྤེལ་བཏང་སྟེ། སྤྱོད་ཚུལ་གནད་དོན་ཡོ་བསྲང་བྱེད་པའི་གནས་ཚུལ་གཙིགས་སུ་འཛིན་པ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་གྱི་གནས་ཚུལ་གཙིགས་སུ་འཛིན་པ། ཏང་ཀྲུང་དབྱང་གི་སྐོར་ཞིབ་ལེགས་བཅོས་ཀྱི་གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་ལག་བསྟར་བྱེད་པ་དང་། སྐོར་ཞིབ་དང་རྩིས་བཤེར་སོགས་ལྟ་སྐུལ་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་གཙིགས་སུ་བཟུང་ནས། ཆབ་སྲིད་ཀྱི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ཐད་ཀྱི་ནོར་འཁྲུལ་ཡོ་བསྲུང་བྱེད་པ། ལྟ་སྐུལ་འགན་སྲུང་ལག་བསྟར་དང་འཐུས་ཚང་འཕེལ་རྒྱས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྐོར་ཞིབ་ལྟ་སྐུལ་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
སྐོར་ཞིབ་བྱེད་ཡུལ་གྱི་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གཙོ་བོས། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་དང་ཏང་གི་ལས་དོན་འགན་མཐོན་པོ་ཁུར་བའི་རྣམ་འགྱུར་གྱིས། སྟོབས་ཤུགས་ཡོད་རྒུས་སྐོར་ཞིབ་ཚན་ཆུང་གི་བྱ་བར་རྒྱབ་སྐྱོར་གཞོགས་འདེགས་བྱེད་པ་དང་། གནད་དོན་ལ་ལན་འདེབས་པ་དང་ཕྱོགས་གཅིག་ལ་ཤུགས་འདོན་དགོས། རང་རྟོགས་སྒོས་སྐོར་ཞིབ་ལྟ་སྐུལ་དང་ལེན་བྱེད་པ་དང་། གནད་དོན་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་རྒྱུ་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བ་རེ་བ་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་སུ་བརྩིས་ནས། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་འགན་སྒྲུབ་ནན་མོ་བྱེད་པ། བྱ་བ་སྣ་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་ཚུལ་བསྟན།
ཐེངས་འདིའི་སྐོར་ཞིབ་ཀྱིས་ཐོག་དང་པོར་མགོ་ལོག་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ལ་རིམ་སྤར་སྐོར་ཞིབ་བྱས། དར་ལག་རྫོང་དང་རྩེ་ཁོག་རྫོང་སོགས་གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་རྫོང་གཙོ་བོ་བདུན་ལ་རྒྱུན་སྲོལ་སྐོར་ཞིབ་སྤེལ་པ་དང་། དུས་མཚུངས་སུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱ་སྐྱེད་པ་དང་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ལས་འགན་གཙོ་བོ་ལག་བསྟར་བྱས་པའི་གནས་ཚུལ་ཐད་ཀྱི་ཆེད་དོན་སྐོར་ཞིབ་སྤེལ།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོས་སྐོར་ཞིབ་བྱེད་ཡུལ་ས་ཁུལ་དང་སྡེ་ཁག་ཏུ་ཟླ་གཉིས་རིང་ལ་བྱ་བ་སྒྲུབ་རྒྱུ་ཡིན་པ་དང་། སྐོར་ཞིབ་སྐབས་སུ་ཆེད་དུ་ལས་རེས་ཁ་པར་དང་འབྲེལ་འདྲིས་ཡིག་སྒམ་བཙུགས་ནས། གཙོ་བོར་སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། འོག་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་འགན་ཁུར་མི་སྣ་གཙོ་བོ། ལས་རྐང་གཙོ་བོའི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་ཡར་ཞུ་བྱེད་པའི་འཕྲིན་ཡིག་དང་ཁ་པར་དང་ཞུ་གཏུག་དང་ལེན་བྱེད་རྒྱུ་ཡིན་ལ། གཙོ་གནད་ནི་ཆབ་སྲིད་སྒྲིག་ལམ་ལ་འགལ་བ་དང་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་པ་དང་འགལ་བ། རྩ་འཛུགས་ཀྱི་སྒྲིག་ལམ་དང་སྲིད་གཙང་སྒྲིག་ལམ། མང་ཚོགས་ཀྱི་སྒྲིག་ལམ། བྱ་བའི་སྒྲིག་ལམ་དང་འཚོ་བའི་སྒྲིག་ལམ་དང་འགལ་བ་སོགས་ཕྱོགས་ཀྱི་ཞུ་གཏུག་དང་ཡར་ཞུ་རེད།
རིན་ཆེན་མཚོས་བསྒྱུར།