ཝུའུ་ཞོ་ཅུན་གྱིས་སྔ་གཞུག་ཏུ་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2022.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བདུན་པའི་ཚེས་བཞི་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞོ་ཅུན་གྱིས་སྔ་གཞུག་ཏུ་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དངོས་འབེབས་བྱས་པར་མ་ཟད་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ནས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། བློ་ཐག་རྦད་ཆོད་སྒོས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་འགན་འཁྲི་དང་ལེན་བྱེད་པ་དང་། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་གཞི་གྲངས་རྒྱུ་རྐྱེན་ནུས་པ་འདོན་སྤེལ་བྱེད་པ་དང་སྲིད་འཛིན་ས་ཁུལ་གྱི་འཆར་འགོད་དང་ཚན་རྩལ་འཇོན་མིར་གདེང་འཇོག་བྱེད་པ། སྟེགས་བུའི་གཏོང་སྤྲོད་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་སོགས་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་གསོན་ཤུགས་གསར་བ་སྔར་ལས་ཇེ་ཆེར་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་ངོས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་བྱ་བར་བསམ་འཆར་དང་གྲོས་གཞི་བསྡུ་ལེན་དང་ཞིབ་འཇུག་བྱེད་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། གནས་བབ་གསར་བའི་འོག་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པར་བསྐྱོད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས མཉམ་འབྲེལ་དྲ་རྒྱ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་མི་དམངས་ཀྱི་དགོས་མཁོ་དང་རེ་བ་འདྲི་བ་དང་། སྔར་ལས་བཟང་བའི་སྒོ་ནས་མི་དམངས་སྐད་ཆར་ཉན་པ་དང་དམངས་དོན་ལ་བརྩི་འཇོག་བྱེད་པ། དམངས་སེམས་དང་མཐུན་ཐབས་ཡོང་བར་བྱས་ནས་ཚན་རིག་དང་མཐུན་པའི་ཇུས་ཆོད་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེ་ཝུའུ་ཧན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ། གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་དང་རྨང་གཞིའི་ཞིབ་འཇུག་གི་ལོ་བཅུའི་འགུལ་སྐྱོད་དམ་འཛིན་བྱེད་པ། ཤུགས་ཆེན་པོས་རིགས་སོ་སོའི་ཚན་རྩལ་གསར་སྐྲུན་གཙོ་གཞི་གསོ་སྐྱོང་བྱེད་པ། སྔར་ལས་མང་པོའི་ལག་རྩལ་གསར་བ་དང་ཐོན་ལས་གསར་བ་འཕེལ་རྒྱས་སུ་གཏོང་དགོས། འགྱུར་བ་མེད་པའི་སྒོ་ནས་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་སྡེ་ཁུལ་གྱི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་པ་དང་། ཚན་རིག་དང་མཐུན་པར་འགོག་སྡོམ་དང་གནད་ལ་འཁེལ་བའི་སྒོ་ནས་འགོག་སྡོམ་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། བློ་ཐག་རྦད་ཆོད་སྒོས་ཐོབ་དཀའ་བའི་རིམས་ནད་འགོག་རྒོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞང་ཀང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉེར་ལྔ་འགོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་པ་དང་ཞང་ཀང་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཞང་ཀང་དུ་ལག་ལེན་བྱས་ནས་ཀུན་གྱིས་ཁས་བླངས་པའི་གྲུབ་འབྲས་དང་བསགས་པའི་རིན་ཐང་བྲལ་བའི་ཉམས་མྱོང་གསལ་བོར་ཤེས་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་མངོན་འགྱུར་བྱེད་པའི་འདུ་ཤེས་དང་འདོད་ཚུལ་གལ་ཆེན་རབ་དང་རིམ་པ་གསལ་བོར་ཤེས་པར་བྱེད་དགོས་ལ། ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཐབས་ལག་བསྟར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ནས། གསར་སྐྲུན་སྒོ་འབྱེད་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་བློ་མཐུན་ཝང་དབྱང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། བློ་མཐུན་ཝང་དབྱང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་པ་དེ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཐུགས་ཁུར་ཆེན་པོ་གནང་བ་མཚོན་པར་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བློ་མཐུན་ཝང་དབྱང་གི་གསུང་བཤད་དང་བླང་བྱ་དངོས་འབེབས་བཟང་བོ་བྱས་ཏེ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཚོགས་པ་རང་བཞིན་རོགས་སྐྱོར་མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་ཀྱི་རིམ་འཕར་རྣམ་པ་གསར་སྐྲུན་བྱེད་པ། དམངས་ཚིས་ལེགས་བཅོས་འགན་སྲུང་བྱེད་པ། རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་ཤུགས་སྣོན་པ། མི་རིགས་སོ་སོས་འགྲོ་འོང་དང་འབྲེལ་འདྲིས། མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ། ཡོང་འཕར་ཕྱུག་སྒྱུར་ཐབས་ལམ་རྒྱ་བསྐྱེད་པ་དང་རང་ཉིད་འཕེལ་རྒྱས་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་སྲིད་འཛིན་ཁས་ལེན་དོན་དག་གི་གསལ་ཁྲའི་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ་དང་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་དོན་ཞབས་ཞུ་ཚད་གཞི་ཅན་དང་ཚད་ལྡན་ཅན། སྟབས་བདེ་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱ་བའི་ཇུས་གཞི་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་ཚོང་རའི་ལྟ་སྐུལ་དོ་དམ་དེང་རབས་ཅན་གྱི་འཆར་འགོད་སོགས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།