ཞིན་ཁྲང་ཞིང་མིན་ཡོན་རྫོང་དུ་སོང་སྟེ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་གནས་ཚུལ་ལ་རྟོག་ཞིབ་བྱས།
2022.07.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བདུན་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་སོང་སྟེ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད་མང་ཚོགས་ལ་འཚམས་འདྲི་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱིས་མིན་ཡོན་གྱི་རིགས་སོ་སོའི་མང་ཚོགས་ལ་ཐུགས་ཁུར་གནང་བ་དེ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་སྟོབས་ལྡན་སྒུལ་ཤུགས་སུ་བསྒྱུར་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྲིད་ཇུས་བཟང་བོ་དངོས་འབེབས་བྱེད་པ་དེ་མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་འབྲེལ་མཐུད་བྱས་ཏེ། འཆར་འགོད་ལག་བསྟར་ནན་མོ་བྱེད་པ་དང་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། གཅིག་གྱུར་སྒོས་འཆར་འགོད་དང་ལག་བསྟར་བྱེད་པ། སྤུས་ཚད་ལ་འགན་སྲུང་བྱེད་པ། སེམས་ཤུགས་གཅིག་སྒྲིལ་སྒོས་མཛེས་པའི་ཁྱིམ་གཞི་གསར་བ་མཉམ་སྐྲུན་བྱེད་དགོས།

ཞིན་ཁྲང་ཞིང་ཆིན་ཧྲི་ཙུའེ་གྲོང་རྡལ་གྱི་ཧོང་ཡ་ཧི་སྡེ་བར་སོང་སྟེ་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱས་པར་མ་ཟད་ཁོ་ཚོ་དང་མཉམ་དུ་གླེང་མོལ་བྱས་ནས། ཚང་མས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ཁག་མཉམ་སེལ་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་བསྟན་དོན། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དེ་འཆར་འགོད་ཀྱི་རེ་བ་དང་འཚམ་དགོས་པ་དང་མང་ཚོགས་ཀྱི་རེ་འདུན་ལ་བརྩི་འཇོག་བྱེད་དགོས་ལ། ཁ་གསབ་ཚད་གཞི་དངོས་འབེབས་བཟང་བོ་བྱེད་པ་དང་། སྤུས་ཚད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཞིང་འགན་འཁྲི་དང་ལེན་བཟང་བོ་བྱེད་པར་མ་ཟད་བཟོ་སྐྲུན་ལག་བསྟར་བྱེད་ཚད་ལ་ཞིབ་བཤེར་བྱས་ནས། བཟོ་སྐྲུན་བདེ་བླག་ངང་ལག་བསྟར་བྱེད་པ་དང་དུས་ལྟར་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས།

ཞིན་ཁྲང་ཞིང་གིས་གནོད་ཐེབས་མང་ཚོགས་ཀྱིས་ནམ་ཡང་རེ་སྒུག་བྱེད་པའི་དོན་དག་ལ་སེམས་ཁུར་བྱེད་ཀྱིན་ཡོད་པས། གཞི་རིམ་ལ་འཚམས་འདྲི་བྱེད་པའི་རྣམ་པར་བརྟེན་ནས་ཆེད་དུ་མིན་ཡོན་རྫོང་འཕྲིན་བཅར་ཅུའུ་ཡི་སྣེ་ལེན་ཁང་དུ་སོང་སྟེ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པར་མ་ཟད་རིམ་པ་བཞིན་ལན་བཏབ། ཁོས་བསྟན་དོན། ས་ཡོམ་གྱིས་ང་ཚོའི་ཁྱིམ་གཞི་ལ་གཏོར་བརླག་བྱས་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧ་ཅང་མཐོང་ཆེན་བྱས་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་རྒྱབ་སྐྱོར་བྱས་པ་དང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ནས། བསྐྱར་འཛུགས་བྱ་བ་སྣ་ཚོགས་གོ་རིམ་ལྡན་པར་སྒྲུབ་བཞིན་ཡོད། གནོད་ཐེབས་མང་ཚོགས་ཀྱིས་བསམ་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། ཁོ་ཚོ་སེམས་ལ་འཛིན་པ་དང་ཁྱོན་ཡོངས་ལ་བསམ་གཞིགས་བཏང་ནས། བསྐྱར་འཛུགས་བྱ་བ་བཟང་བོར་སྒྲུབ་ནས་མང་ཚོགས་ཡིད་ཚིམས་སུ་འཇུག་དགོས། ཞིན་ཁྲང་ཞིང་གིས་བསྟན་དོན། འཕྲིན་བཅར་ནི་ཉེ་བར་བཅར་བའི་མང་ཚོགས་ཀྱི་བྱ་བ་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། བརྟན་བརླིང་དང་བདེ་ཐང་ཡིན་པའི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ཁོར་ཡུག་སྲུང་འཛིན་བྱེད་པར་དམིགས་ཏེ། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ནི་མི་དམངས་ཁྲོད་ཀྱི་མི་སྣ་ཞིག་ཏུ་བྱེད་པ་དང་། མང་ཚོགས་དམ་པོར་སྦྲེལ་ཞིང་བློ་སེམས་རྩེ་གཅིག་སྒོས་མང་ཚོགས་ཀྱི་དཀའ་ཁག་སེལ་རོགས་བྱེད་དགོས། བྱ་བའི་སྤྱོད་ཚུལ་སྔར་ལས་ལེགས་སྒྱུར་བྱེད་པ་དང་འཕྲིན་བཅར་བྱ་བའི་འགན་འཁྲི་དངོས་འབེབས་གང་ལེགས་བྱེད་པ། འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སོང་ནས་གནས་ཚུལ་ལ་རྒྱུན་ལོན་བྱེད་པ་དེ་ཚད་ལྡན་ཅན་དང་རྒྱུན་རྣམ་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ། མང་ཚོགས་དང་མཉམ་འདུག་མཉམ་གནས་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཕན་ནུས་ཅན་དང་ཟུང་འབྲེལ་བྱས་ནས། མང་ཚོགས་ལ་དོན་དངོས་སྒྲུབ་པའི་ཐད་ཤུགས་བསྣན་ནས་ཕན་འབྲས་ཐོབ་པར་བྱེད་དགོས།

ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།

                                                                                                             བཀྲ་ཤིས་འབུམ་གྱིས་བསྒྱུར།