ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སྐོར་བཞི་པའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་འཇོན་མིའི་འཐུས་ཚབ་དང་བཞུགས་མོལ་བྱས་ཏེ། ཚང་མས་མཚོ་སྔོན་དུ་བྱ་བ་བསྒྲུབས་ནས་ལོ་གསུམ་གྱི་རིང་ལ་ཧུར་ཐག་འབད་འཐབ་དང་ལས་གནས་བརྟན་སྲུང་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། མི་འགྱངས་པར་སྐྱོད་ལམ་གསར་བར་ཞུགས་པར་རེ་བ་ཆེན་པོ་བཅངས་ཡོད་ཅེས་བསྟན།
ཞིན་ཁྲང་ཞིང་གིས་བཤད་དོན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་ཀྱི་རོགས་ལས་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་འཐབ་ཇུས་ཇུས་གཞི་གལ་ཆེན་ཡིན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལོ་གསུམ་གྱི་རིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་པ་སོགས་ཀྱི་དོན་བཟང་དང་དོན་ཆེན་བརྒྱུད་མྱོང་བ་དང་། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་དང་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས། རིམས་ནད་འགོག་སྡོམ་འཐབ་ཇུས། རྨ་སྟོད་དང་མིན་ཡོན་གྱི་ཡོམ་འགོག་རྒུད་སྐྱོབ་སོགས་ཀྱི་བྲེལ་མྱུར་དོན་ཆེན་དངོས་སུ་བརྒྱུད་མྱོང་ལ། འགྲན་རྩོད་དང་ཉམས་སད། སྦྱོང་བརྡར་བཅས་དང་ལེན་བྱས་པ་དང་། དཀའ་སྡུག་གི་རྔུལ་ཆུ་བཏང་ཞིང་བློ་གྲོས་དང་ནུས་ཤུགས་ཆེན་པོ་བཏོན་ནས། མིག་མཐོང་ལག་ཟིན་གྱི་བྱས་རྗེས་ཆེན་པོ་བཞག་པར་མ་ཟད། འཁྱག་དུས་གོས་དང་ལྟོགས་དུས་ཀྱི་ཟས་ལྟ་བུའི་ཡུན་རིང་ལ་ཕན་པའི་དོན་དངོས་དང་དོན་བཟང་གང་མང་བསྒྲུབས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱས་ལ། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱས། གྲུབ་འབྲས་དེ་དག་བླངས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་ལེན་བྱས་པའི་མཇུག་འབྲས་ཡིན་ལ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་ཀྱི་རོགས་ལས་ས་ཁུལ་དང་ལས་ཁུངས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པའི་མཇུག་འབྲས་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་དང་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་འཇོན་མིས་མཉམ་དུ་འབད་འཐབ་བྱས་པའི་མཇུག་འབྲས་ཡིན། དེ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱས་ཡོད། བརྒྱུད་རིམ་དེའི་ཁྲོད་དུ། མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་འཇོན་མིས་ཏང་གཤིས་སྦྱོང་བརྡར་བྱས་པ་དང་གཤིས་རྒྱུད་སྦྱོང་བརྡར་བྱས་ལ། བསམ་རྒྱ་ཆེ་རུ་བསྐྱེད་པ་དང་། མིག་རྒྱ་རིང་དུ་བཏང་ཞིང་། བརྩེ་བ་དམ་དུ་སྦྲེལ་བ་དང་ ནུས་པ་མཐོར་འདེགས་སུ་བཏང་བར་མ་ཟད། ཏང་ལ་བློ་དཀར་བ་དང་བྱས་རྗེས་འཇོག་ཕོད་པའི་རྒྱུགས་ལན་ལེགས་པོ་སྤྲད་པ་དང་མི་ཚེའི་རིན་ཐང་བྲལ་བའི་རྒྱུ་ནོར་རྩ་ཆེན་བསགས། ཕྱིན་ཆད་ཚང་མ་ས་ཆ་གང་དང་ལས་གནས་གང་དུ་ཡོད་རུང་མཚོ་སྔོན་གྱི་ས་གཤིས་གཤིན་པོར་བརྩེ་བ་ཟབ་མོ་བཅངས་པ་དང་མུ་མཐུད་དུ་མཚོ་སྔོན་ལ་ཡིད་འཇོག་དང་མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་པ་དང་། མཚོ་སྔོན་ལ་རོགས་རམ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་ནུས་ཤུགས་གང་ཡོད་འདོན་པའི་ཡིད་ཆེས་ཡོད་ཟེར།
མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་འཇོན་མིའི་འཐུབ་ཚབ་ཀྱིས་བཤད་དོན། མཚོ་སྔོན་ལ་རོགས་སྐྱོར་བྱས་ནས་ལོ་གསུམ་གྱི་རིང་གྲུབ་འབྲས་བཟང་བོ་ཐོབ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་རྗེས་མུ་མཐུད་དུ་སྦྲེལ་ཟམ་ལྟ་བུའི་ནུས་པ་འདོན་པ་དང་། རང་རང་གི་ཁྱད་ཆོས་དང་ཁྱབ་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཐབས་ཇུས་དང་ནུས་ཤུགས་འདོན་རྒྱུ་ཡིན་ཟེར།
ཞིང་ཆེན་གྱི་འགོ་ཁྲིད་པ་ཝང་ཝེ་ཏུང་དང་ཀྲའོ་ཡེའོ་ཞ། ཀྲུའུ་ཞང་ཧྥིན་བཅས་ཚོགས་འདུར་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།