ཞིན་ཁྲང་ཞིང་གིས་སྐབས་བརྒྱད་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མཉམ་དུ་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པའི་ཀྲུང་ཕྱིའི་མཉམ་འབྲེལ་ལྟ་སྐོར་འཚམས་འདྲི་ཚོགས་པའི་འཐུས་ཚབ་མི་སྣར་ཐུག་འཕྲད་བྱས།
2022.07.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་ཟི་ལིང་ནས་སྐབས་བརྒྱད་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མཉམ་དུ་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམjའཛུགས་སྐྲུན་བྱེད་པའི་ཀྲུང་ཕྱིའི་མཉམ་འབྲེལ་ལྟ་སྐོར་འཚམས་འདྲི་ཚོགས་པའི་འཐུས་ཚབ་མི་སྣར་ཐུག་འཕྲད་བྱས་པར་མ་ཟད། ལྟ་སྐོར་འཚམས་འདྲི་ཚོགས་པའི་འཐུས་ཚབ་སྟེ་ཐེ་གོའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཨ་ཐ་ཡུས.ཞི་སཱ་མུའུ་དང་ལའོ་ཝའོ་ཡི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཁན་པའོ.ཨིན་ཐ་ཝན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལྟེ་གནས་ཀྱི་དྲུང་ཡིག་ཆེན་མོ་ཁྲིན་ཏི་ཧའེ་སོགས་དང་བཞུགས་མོལ་བརྗེ་རེས་བྱས།

ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་ཕྱིའི་མཉམ་འབྲེལ་ལྟ་སྐོར་འཚམས་འདྲི་ཚོགས་པ་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་མ་ཟད། མཚོ་སྔོན་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོས་བཤད་རྒྱུར། ན་ནིང་གི་ཟླ་བཅུ་གཅིག་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་རྗེས་དྲན་མཐོ་རིམ་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་བ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་སྒྲོག་བྱས་ནས། ས་ཁུལ་དང་འཛམ་གླིང་ཞི་བདེ་གཏན་འཇགས་ཡོང་བ་དང་དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བཏང་བ་དང་། དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་སྟེང་གི་རྡོ་རིང་གསར་བ་ལྟ་བུ་ཡིན། ད་ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ལོ་ཡིན་ལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ལོ་ཡང་ཡིན་པས། མཚོ་སྔོན་དུ་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་བརྗོད་དོན་དུ་བྱས་པའི་མཉམ་འབྲེལ་ལྟ་སྐོར་འཚམས་འདྲི་སྤེལ་བའི་དུས་ཚོད་ཧ་ཅང་བཟང་ཞིང་ས་གནས་གདམ་གསེས་བྱས་པ་བཟང་ལ། བྱ་འགུལ་གྱི་བརྗོད་སྙིང་བཟང་བ་དང་། དེར་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་རིག་གནས་བརྗེ་རེས་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དེ་མཚོ་སྔོན་གྱི་ཉོ་ཚོང་གྲོགས་པོ་གལ་ཆེན་དུ་གྱུར། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། མཚོ་སྔོན་གྱི་དགེ་མཚན་དང་ཁྱད་ཆོས་ལ་རྐང་འཛུགས་པ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་དཔལ་འབྱོར་ཉོ་ཚོང་དང་སྐྱེ་ཁམས། རིག་གནས། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་བྱས་རྗེས་འཇོག་དགོས།

ཨ་ཐ་ཡུས.ཞི་སཱ་མུའུ་ཡིས་བསྟན་དོན། མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འགོ་ཁུངས་ཡིན་པ་དང་། ང་ཚོའི་མི་རབས་རྗེས་མའི་འཚོ་སྡོད་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་ནས་གོ་གནས་གལ་ཆེན་ཟིན་ཡོད། ཐེངས་འདིར་མཚོ་སྔོན་ལ་འཚམས་འདྲི་བྱེད་པའི་གོ་སྐབས་བཟང་བ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱུན་མཐུད་འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིན་གལ་ཆེན་ལྡན། ཀྲུང་གོས་ལྗང་མདོག་འཕེལ་རྒྱས་ཕྱོགས་ནས་ནུས་པ་་གལ་ཆེན་འདོན་སྤེལ་བྱས་པ་དང་། དག་གཙང་ནུས་ཁུངས་ཡང་མཚོ་སྔོན་གྱི་མ་འོངས་པའི་སྦས་ཤུགས་ཡིན་ལ། ང་ཚོས་རྒྱུན་སྲིང་རང་བཞིན་ནི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་ཤེས་ཡོད་པས། ཀྲུང་གོར་བཀའ་དྲིན་ཞུས་པ་ཡིན་ལ། ལྷག་པར་དུ་མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པར་བཀའ་དྲིན་ཞུས་པ་ཡིན། མ་འོངས་པར་ཕྱོགས་གཉིས་ཀྱི་རྒྱུན་བསྲིང་འཕེལ་རྒྱས་དང་ཉོ་ཚོང་དངུལ་གཏོང་། མི་གཞུང་བརྗེ་རེས་བཅས་ཕྱོགས་ནས་མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་པོ་ཡོད་པར་ཡིད་ཆེས་བརྟན་པོ་ཡོད།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཏ་ནན་དང་ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ་བཅས་ཐུག་འཕྲད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།