ཉེ་ལམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧན་ཞོ་ཝུའུ་ཡིས་རྟོག་ཞིབ་ཚན་ཁག་ཁྲིད་དེ་མཚོ་སྔོན་ལ་ཡོང་ནས་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། དངོས་གཞི་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཡུས་ཚོང་ལི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་གཉིས་ཀ་རྟོག་ཞིབ་ལ་ཞུགས།
རྟོག་ཞིབ་ཚན་ཁག་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱང་གིས་རང་ཞིང་གིས་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། དངོས་གཞི་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས། རང་ཞིང་གིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་མཉམ་དུ་བརྗེ་རེས་བཞུགས་མོལ་བྱས།
ཧན་ཞོ་ཝུའུ་ཡིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་པ་དང་། ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་དམིགས་འབེན་ལས་འགན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་རེ་བར་གཤིབ་བསྡུར་ནན་མོ་བྱས་ཏེ། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པར་མཐོང་ཆེན་བྱས་ཤིང་། ལྟ་སྐུལ་འགན་འཁྲི་དངོས་འབེབས་བྱེད་པའི་ནུས་པ་ཇེ་ཆེར་བཏང་བ་དང་། རོགས་ལས་ལེགས་སྒྲིག་མཉམ་ཤུགས་ཆགས་པར་ཡིད་འཇོག་བྱས་ནས། ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། དངོས་གཞི་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་སྔར་ལས་འཐུས་ཚང་དུ་བཏང་།
ཉི་མ་སྒྲོལ་མས་བཤད་དོན། རྒྱལ་ཡོངས་དམངས་ཆེན་གྱིས་ཐེངས་འདིར་ཆེད་དོན་རྟོག་ཞིབ་བྱེད་པ་ནི་རང་ཞིང་གིས་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། དངོས་གཞི་ཅན་དུ་འཛུགས་སྐྲུན་བྱས་ནས་བླངས་པའི་གྲུབ་འབྲས་ལ་ཞིབ་བཤེར་ཚད་ལེན་བྱེད་པ་དང་ལྟ་ཞིབ་སྒྲིག་སྲོལ་རྐྱེན་སྲོལ་ཆ་ཚང་དང་འཐུས་ཚང་དུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན། ང་ཚོས་གོ་སྐབས་བཟང་བོ་དེ་དམ་འཛིན་བྱས་ཏེ། ཏང་ཀྲུང་དབྱང་གི་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། དངོས་གཞི་ཅན་དུ་འཛུགས་སྐྲུན་བྱེད་པ་དེ་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གྱི་བརྒྱུད་རིམ་ཡོངས་དང་བརྒྱུས་པར་བྱས་ནས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ། བཅོས་སྒྱུར་ཀྱི་ལས་འགན་སྣ་ཚོགས་དངོས་འབེབས་གང་ལེགས་བྱེད་པ་འགན་སྲུང་བྱེད་པ་ཡིན་ཟེར།
རྟོག་ཞིབ་ཚན་ཁག་ད་དུང་ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར་བཅས་གྱི་གྲོང་ཁྱེར་དང་རྫོང་། དེ་མིན་ཡུལ་ཚོ་དང་གྲོང་བརྡལ། སྡེ་ཁུལ་ཁ་ཤས་ལ་སོང་ནས་བྱ་བར་རྟོག་ཞིབ་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།