ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། ཀྲུང་དབྱང་ཞིང་ལས་ཞིང་སྡེ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ལས་ཞིང་སྡེ་པུའུ་ཡི་ཏང་ཙུའུ་ཁོངས་མི། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ལིའུ་དཔོན་ཞིན་གདན་དྲངས་ནས་ཁ་ཡིག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ་ཏན་ཏན་ཏིག་ཏིག་སྒོས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་འབྲེལ་མཐུད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་སློབ་སྦྱོང་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞོན་ཅུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གཉིས་ཀ་སློབ་སྦྱོང་ཚོགས་འདུར་ཞུགས།
སློབ་སྦྱོང་ཚོགས་འདུའི་སྟེང་། ལིའུ་དཔོན་ཞིན་གྱིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་འབྲེལ་མཐུད་བྱེད་པའི་བྱ་བའི་སྤྱིའི་བླང་བྱ་དང་དམིགས་འབེན་ལས་འགན། བླངས་པའི་གྲུབ་འབྲས་འཆད་ཁྲིད་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བྱེད་པའི་བྱ་བ་དམ་འཛིན་བྱེད་པ་དང་། ཏན་ཏིག་སྒོས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་། ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒྲུབ་སྟངས་དང་ཐབས་ལམ་འགྲེལ་ཀློག་བྱས་པ་དང་། ནུས་ལྡན་འབྲེལ་མཐུད་བྱེད་སྐབས་གསལ་བོར་ཤེས་དགོས་པའི་ཕྱོགས་ལྔའི་གནད་དོན་སོགས་རྒྱས་བཤད་བྱས་པར་མ་ཟད། རང་ཞིང་གི་བྱ་བར་བྱེ་བྲག་གི་གྲོས་གཞི་བཏོན།
ཞིན་ཁྲང་ཞིང་གིས་འགོ་འཛིན་བྱེད་སྐབས་བསྟན་དོན། ཐེངས་འདིའི་ཟུར་ཁྲིད་ནི་སྲིད་ཇུས་འགྲེལ་ཀློག་བསླབ་ཚན་ཞིག་ཡིན་པར་མ་ཟད་བྱེད་སྒོའི་ཟུར་ཁྲིད་བསླབ་ཚན་ཞིག་ཀྱང་ཡིན་པས། ངེས་པར་དུ་རང་ཞིང་གི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་འབྲེལ་མཐུད་བྱེད་པའི་བྱ་བར་ཡར་སྐུལ་ཆེན་པོ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པས་སློབ་སྦྱོང་བྱེད་དགོས་པ་དང་གོ་བ་ཟབ་མོ་ལེན་དགོས་པར་མ་ཟད་བྱ་བ་ལེགས་པར་བསྒྲུབ་ནས་མུ་མཐུད་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་ནུས་ལྡན་འབྲེལ་མཐུད་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། བྱ་བའི་ནུས་པ་ཇེ་ཆེར་སོང་བར་བརྟེན་ནས་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་དགོས་ལ། བྱ་བའི་གནད་ས་གཅིག་སྡུད་བྱེད་པ་དང་འགན་འཁྲི་དང་ལས་འགན་དང་ལེན་བྱེད་པ། དུས་རབས་ཀྱི་རྗེས་ལ་སྙེག་པ་དང་སློབ་སྦྱོང་ལ་ཧ་ཅང་མཐོང་ཆེན་བྱེད་པ། ལྟོགས་པས་ཟས་སྐོམ་པས་ཆུ་འདོད་པ་བཞིན་སློབ་སྦྱོང་བྱེད་པ་དང་ཞིབ་ཕྲ་དང་ནན་ཏན་སྒོས་དངོས་འབེབས་བཟང་བོ་བྱེད་དགོས། དག་ཐེར་བཅོས་སྐྱོང་དངོས་འབེབས་བྱས་པའི་དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་སློབ་སྦྱོང་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་པ་དང་། དཔྱད་ཞིབ་དཔྱད་འཇོག་ཕྱིར་ལྡོག་གནད་དོན་ལ་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། ཐོན་ལས་ལས་ཞུགས་ལ་བརྟེན་ནས་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱེད་པ་དང་སྤྱོད་ཚུལ་ལེགས་སྒྱུར་བྱས་ནས་འགན་འཁྲི་དང་ལེན་བྱེད་པ། འཐབ་ཕྱོགས་དང་པོར་སོང་ནས་མཛུབ་སྟོན་བྱེད་པར་ཤུགས་སྣོན་པ། བསམ་ཕྱོགས་བསྒྱུར་བར་བརྟེན་ནས་ཤར་ནུབ་རྒྱུད་རོགས་ལས་རྒྱ་བསྐྱེད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་གནད་དོན་དག་ཐེར་བཅོས་སྐྱོང་ཐད་ནས་གྲུབ་འབྲས་བཟང་བོ་ལེན་དགོས། ནུས་ལྡན་འབྲེལ་འབྲེལ་ལ་སྐུལ་འདེད་བཏང་ནས་སློབ་སྦྱོང་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་པ་དང་། ནུས་ལྡན་འབྲེལ་མཐུད་ཀྱི་གནད་དོན་གཙོ་བོ་དང་གནད་འགག་དུམ་ཚན། ལས་རིམ་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། དམིགས་འབེན་གལ་ཆེན་ཁྲོད་དུ་གནད་ས་འབུར་དུ་ཐོན་པར་བྱེད་པ་དང་གཅིག་གྱུར་སྒོས་སྐུལ་འདེད་བཏང་ནས། བསམ་ཕྱོགས་སྔར་ལས་གསལ་བོ་བྱེད་པ་དང་བྱ་བ་སྔར་ལས་གཅིག་སྡུད་བྱེད་པ། སྤྱོད་ཚུལ་སྔར་ལས་ལེགས་སྒྱུར་བྱེད་པར་མ་ཟད། ནུས་ལྡན་འབྲེལ་མཐུད་བྱ་བ་སྣ་ཚོགས་ནན་ཏན་སྒོས་བཟང་བོར་བསྒྲུབ་པ་དང་། གཞི་ཁྱོན་རང་བཞིན་སྒོས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་མི་འབྱུང་བའི་ཚད་མཐའ་གཏན་སྲུང་བྱེད་དགོས།
རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ཚང་མས་སློབ་སྦྱོང་ཟུར་ཁྲིད་བརྒྱུད་དེ་བྱ་བ་སྔར་ལས་བཟང་བོར་བསྒྲུབ་ཆེད། ཐེངས་འདིའི་སློབ་སྦྱོང་ཚོགས་འདུ་དེ་བརྙན་རིས་གྲོས་ཚོགས་ཀྱི་ལམ་ནས་བསྡུས། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱི་འགོ་ཁྲིད་པ་དང། ཞིང་ཆེན་སྲིད་གཞུང་དང་ཞིང་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་གྲོང་གསེབ་དར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་སོ་སོ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་དོ་དམ་ཁེ་ལས་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཞིང་ཆེན་གྱི་ཚོགས་ར་གཙོ་བོར་ཞུགས། གྲོང་ཁྱེར་དང་ཁུལ། རྫོང་དང་གྲོང་ཁྱེར་དང་ཆུས་སོ་སོའི་གྲོང་གསེབ་དར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་སྡེ་བའི་ལས་བྱེད་པ་དང་སྡེ་སྡོད་ཧྲུའུ་ཅི་དང་པོ་ཁ་ཤས་ཡན་ལག་ཚོགས་རར་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།