ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་སྐྱེ་ཁམས་འགྲེམ་ཚོགས་ལ་ཞུགས་པར་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ལ་ཐུག་འཕྲད་བྱས།
2022.07.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་ནས་སོ་སོར་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་ཉེར་གསུམ་པ་དང་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་ཚོགས་སྐབས་གཉིས་པར་ཞུགས་པར་ཡོང་བའི་ཞིང་ཆེན་གྱི་པུའུ་རིམ་པའི་འགོ་ཁྲིད་དང་ཀྲུང་གོར་སྡོད་པའི་གཞུང་ཚབ་པ། ཁེ་ལས་དང་གྲོས་མོལ་ཚོགས་འདུའི་འཐུས་ཚབ་མི་སྣ་སོགས་སྐུ་མགྲོན་ལ་ཐུག་འཕྲད་བྱས།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་པ་དང་། ཚང་མས་དུས་ཡུན་རིང་བོར་མཚོ་སྔོན་ལ་སེམས་ཁུར་དོ་སྣང་དང་རོགས་རམ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། མཚོ་སྔོན་གྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་རྗེས། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་གནས་ཐིག་གཏན་ཁེལ་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གཏན་ཁེལ་གསལ་བོ་བྱས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུ་གསལ་བོར་བསྟན་པ་དང་། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་རླབས་ཆེན་འཆར་གཞི་བཀོད། ད་ལོར་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གསུམ་པ་དང་སྐྱེ་ཁམས་འགྲེམ་ཚོགས་སྐབས་གཉིས་པ་གཉིས་མཉམ་འབྲེལ་སྒོས་བསྡུས་པ་དང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་ཡིན་ལ། རིམས་ནད་འགོག་སྡོམ་ལ་གཅིག་འདོམས་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ལག་ལེན་དངོས་ཡིན་པས། སྐུ་མགྲོན་ཚོས་མཛའ་བརྩེ་གླེང་བ་དང་འཕེལ་རྒྱས་ལ་འཆར་འགོད་བྱེད་པ་དང་། གོ་སྐབས་སྔར་ལས་མང་པོ་བཙལ་ནས། ཁྱབ་ཁོངས་སྔར་ལས་མང་པ་དང་རིམ་པ་སྔར་ལས་གཏིང་ཟབ་པའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད། མཚོ་སྔོན་གྱིས་སྔར་བཞིན་དུ་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ་དང་། བརྗེ་རེས་མཉམ་ལས་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་སོ་སོར་སློབ་སྦྱོང་བྱེད་པ། མཉམ་དུ་མདུན་སྐྱོད་བྱས་ཏེ། ལས་གཞི་ལག་བསྟར་བྱེད་པ་དང་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཞབས་ཞུ་བཟང་བོ་བསྒྲུབ་རྒྱུ་ཡིན།

རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གདན་ཞུ་གནང་བར་བཀའ་དྲིན་ཞུས་པ་དང་། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གསུམ་པ་དང་སྐྱེ་ཁམས་འགྲེམ་ཚོགས་སྐབས་གཉིས་པ་བསྡུས་པར་རྟེན་འབྲེལ་ཞུ་བ་དང་རེ་སྒུག་བྱས་ཡོད། ཚང་མས་ལང་ལོང་གིས་བཤད་རྒྱུར། མཚོ་སྔོན་ནི་ཁྱད་དུ་འཕགས་པའི་ས་ཆ་ཞིག་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་བཟང་ཞིང་ཐོན་ཁུངས་ནུས་ཁུངས་དགེ་མཚན་མངོན་གསལ་ཡིན་པས། འགྲེམ་ཚོགས་ལ་ཞུགས་པ་བརྒྱུད་དེ་མཚོ་སྔོན་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་ལས་སྔར་ལས་དམ་ཟབ་བྱས་ནས། གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་བསྐྲུན་རྒྱུ་ཡིན་ཟེར།

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཝུའུ་ཞའོ་ཅུན་གྱིས་ད་དུང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་དང་ཞིན་ཧྭ་སྡེ་ཚོགས་ཚད་ཡོད་ཀུང་ཟི་གསུམ་པ། ཐེན་ཧི་ཉི་འོད་ནུས་པའི་མ་རྐང་ཚད་ཡོད་ཀུང་ཟི། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས། པིས་ཡ་ཏིས་མ་རྐང་ཚད་ཡོད་ཀུང་ཟི་སོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་ལ་ཐུག་འཕྲད་བྱས།

ཝང་ཝེ་ཏུང་དང་ཀྲུའུ་ཞང་ཧྥིན། དབྱང་ཧྥིན་ཁྲུན། ལིའུ་ཁྲའོ་བཅས་སོ་སོར་གོང་གི་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།