ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་གོ་ལྔ་འགོར་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་སོགས་ཞིང་ཆེན་གྱི་མགོ་ཁྲིད་པས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་དུ་སྡོད་པའི་དམག་དཔུང་ལ་འཚམས་འདྲི་བྱས་ཤིང་། མཚོ་སྔོན་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམངས་དམག་གྲ་སྒྲིག་དམག་མི་བཅས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། དམག་དཔུང་གི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་། དམག་དཔུང་ལས་ཕྱིར་བུད་པའི་དམག་མི། རྨས་ཕོག་པ་དང་དབང་བོ་སྐྱོན་ཅན་དུ་གྱུར་བའི་དམག་མི། སྔོན་གཤེགས་དཔའ་བོའི་ཁྱིམ་མི་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།
དགུ་དྲུག་ཐིག་གསུམ་བཞི་དམག་དཔུང་ནས། ཞིན་ཁྲང་ཞིང་ཧུང་ཡོན་སློབ་གསོ་རྟེན་གཞིའི་འགྲེམ་སྟོན་ཁང་སོ་སོར་ལྟ་སྐོར་བྱས་ཏེ་དམག་དཔུང་གི་གཟི་བརྗིད་ལོ་རྒྱུས་དང་སྙིང་སྟོབས་རྒྱུན་འཛིན་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད། དམག་དཔུང་གི་དཔོན་དམག་གིས་དཀའ་སྡུག་མྱོང་ཐུབ་པའི་སྙིང་སྟོབས་ལ་གུས་སེམས་བསྟན། ཞིན་ཁྲང་ཞིང་སྐྱ་དམག་ལྡིང་ཤོག་གི་སྦྱོང་བརྡར་ར་བར་སོང་ནས་སྐྱ་དམག་གི་སྦྱོང་བརྡར་ལ་བལྟས་པ་དང་། དམག་དཔུང་གི་དཔོན་དམག་དག་གིས་དམར་དམག་གི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་རྒྱལ་ཁ་ལེན་ཐུབ་པ། བྱ་སྤྱོད་ལེགས་པའི་ཕུལ་བྱུང་དམག་དཔུང་ཞིག་འཛུགས་དགོས་པའི་སྐུལ་མ་བཏང་།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་སྔར་ལས་གལ་ཆེ་བའི་འཐབ་ཇུས་གོ་གནས་གསུམ་བསྩལ་ཡོད་པ་དང་། ང་ཚོས་ངག་བཅོལ་དེ་ཡིད་ལ་དམ་པོར་བཟུང་སྟེ། ཞི་ཅིན་ཕིང་གི་དམག་དར་དགོངས་པ་ལག་ལེན་གང་ལེགས་བྱས་ནས་མཐོ་སྒང་འདི་སྲུང་སྐྱོབ་བཟང་བོ་བྱེད་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྲིད་བཀུར་དམངས་གཅེས་དང་དམག་བཀུར་ཁྱིམ་སྐྱོང་གི་མཉམ་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། དམག་སྲིད་དང་དམག་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་རྣམ་པ་གསར་བ་མཉམ་དུ་བསྐྲུན་དགོས་ལ། དམག་དཔུང་གིས་དམག་འཛུགས་ཀྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་ལ་དམིགས་ཏེ་འབད་བརྩོན་ཆེན་པོས་ཕྱོགས་ཡོངས་ཀྱི་འགན་འཁྲིའི་ལག་བསྟར་ནུས་པ་མཐོར་འདེགས་བྱས་ནས། དུས་རབས་གསར་བའི་དམག་དར་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སེམས་ཤུགས་ཡོད་ཚད་བཏོན་ནས་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་སྒྲུབ་པ་དང་། ཤུགས་ཆེན་པོས་མཚོ་སྔོན་དུ་སྡོད་པའི་དམག་དཔུང་གི་འཛུགས་སྐྲུན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཝུའུ་ཞའོ་ཅུན་སྔ་རྗེས་སུ་ཟི་ལིང་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་ལྟེ་གནས་ཀྱི་གསུམ་གཉིས་དྲུག་གཅིག་ལྔ་དམག་དཔུང་གི་ལྡིང་ཤོག་ག་གེ་མོ་དང་དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་གི་རུ་འབྲིང་ག་གེ་མོར་སོང་ནས། དཔོན་དམག་གི་དམག་གྲབས་སྦྱོང་བརྡར་དང་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཚང་མས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་བཞག་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་བླ་མེད་ཀྱི་གུས་སེམས་བསྟན་པར་མ་ཟད། མཚོ་སྔོན་དུ་སྡོད་པའི་དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔོན་དམག དམག་མིའི་ཁྱིམ་མི་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མི་དམངས་དམག་དཔུང་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་རྨང་རྡོ་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམག་དཔུང་གི་ལས་དོན་སྣ་ཚོགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། སྟོབས་དང་ལྡན་པའི་རྒྱབ་རྟེན་ནུས་པ་བཏོན་ནས། དམག་དཔུང་དང་ས་གནས་བར་དང་། དམག་དཔུང་དང་མང་ཚོགས་བར་གྱི་སེམས་ཤུགས་གཅིག་ཏུ་སྒྲིལ་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་དྲག་ཆས་ཉེན་རྟོག་ཟི་ལིང་ཡན་ལག་རུ་ཁག་གི་ལས་སྒྲུབ་རུ་ཆེན་དང་པོའི་ལས་སྒྲུབ་རུ་འབྲིང་དང་པོའི་སྡོད་གནས་སུ་སོང་ནས་འཚམས་འདྲི་བྱས་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གསུམ་གཅིག་དྲུག་དྲུག་བརྒྱད་དམག་དཔུང་གི་ཡན་ལག་རུ་ཁག་ག་གེ་མོ། དགུ་དྲུག་བདུན་བཞི་བདུན་དམག་དཔུང་གི་གཅིག་གཅིག་ཐིག་ཡན་ལག་རུ་ཁག་ཏུ་སོང་ནས་འཚམས་འདྲི་བྱས་པར་མ་ཟད་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།