ཝུའུ་ཞའོ་ཅུན་གྱིས་ཨ་ཐི་སི་ཉི་འོད་གློག་ཤུགས་སྡེ་ཚོགས་ཀྱི་འགན་ཁུར་མི་སྣ་གཙོ་བོར་ཐུག་འཕྲད་བྱས།
2022.08.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བརྒྱད་པའི་ཚེས་བདུན་ཉིན། མཚོ་སྔོན་ཨ་ཐི་སི་ནུས་ཁུངས་གསར་བའི་ཚད་ཡོད་ཀུང་ཟི་མཚོ་ཤར་ནུས་ཁུངས་གསར་བའི་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་ལས་གཞིའི་གྲོས་མཐུན་འགོད་པའི་མཛད་སྒོ་མཚོ་ཤར་གྲོང་ཁྱེར་དུ་བསྡུས། གྲོས་མཐུན་བཀོད་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་ནས་ཨ་ཐི་སི་ཉི་འོད་གློག་ཤུགས་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཆུའུ་ཞའོ་ཧྭ་སོགས་ལ་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཆུའུ་ཞའོ་ཧྭ་སོགས་ལ་དགའ་བསུ་ཞུས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མིག་སྔར། མཚོ་སྔོན་གོང་འོག་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་གཙོ་རྒོལ་ཁ་ཕྱོགས་དང་འཕེལ་རྒྱས་ལམ་བུ་རུ་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་མངོན་པའི་ལྗང་མདོག་ཐཱན་དམའ་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་པས། ང་ཚོས་ཨ་ཐི་སི་སྡེ་ཚོགས་ཀྱིས་ཉི་འོད་ནུས་པའི་ཐོན་རྫས་དང་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་གསར་སྤེལ་སོགས་ཕྱོགས་ལ་འདོན་སྤེལ་བྱས་པའི་ཕྱོགས་བསྡུས་དངོས་ཤུགས་དང་འགྲན་རྩོད་དགེ་མཚན་བཀའ་དྲིན་ཞུས་པ་དང་། ཁྱོན་ཡོངས་དང་ཕྱོགས་མང་པོ་ནས་རང་ཞིང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་གཞིའི་དངུལ་གཏོང་འཛུགས་སྐྲུན་དང་འཁོར་རྒྱུག་ཐད་ཞུགས་ནས། མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་དགའ་བསུ་ཞུ་བཞིན་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་བཞིན་དུ་སྤུས་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་དང་སྲིད་ཇུས་ཆ་རྐྱེན་བཟང་བོ། ཕན་འབྲས་ལྡན་པའི་སྲིད་དོན་ཞབས་ཞུ་འདོན་སྤེལ་བྱས་ཏེ། ཁེ་ལས་ཀྱིས་མཚོ་སྔོན་དུ་དངུལ་གཏོང་ལས་སྤེལ་བྱེད་པའི་ཐད་ཁོར་ཡུག་བཟང་བོ་བསྐྲུན་རྒྱུ་ཡིན།

ཆུའུ་ཞའོ་ཧྭ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་དུས་ཡུན་རིང་བོར་ཨ་ཐི་སི་སྡེ་ཚོགས་ལ་རྒྱབ་སྐྱོར་དང་སེམས་ཁུར་བྱས་པར་བཀའ་དྲིན་ཞུས་པ་མ་ཟད། ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཆུའུ་ཞའོ་ཧྭ་ཡིས་ཁེ་ལས་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་དང་མཚོ་ཤར་གྲོང་ཁྱེར་གྱི་འབྲེལ་ཡོད་ཁྱབ་ཁོངས་བར་གྱི་མཉམ་ལས་རྒྱུན་མཐུད་ངང་ཇེ་ཟབ་ཏུ་བཏང་སྟེ། ཧུར་ཐག་གིས་གཉིས་རྒྱལ་མཉམ་རྒྱལ་གྱི་གྲུབ་འབྲས་གསར་བ་ལེན་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་པའི་ཚུལ་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལ་ཙི་པེ་ཁི.རིག་སུའུ་ལིས་ཧྭན་གཉིས་སོ་སོར་གོང་གསལ་གྱི་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།