ཟླ་བརྒྱད་པའི་ཚེས་བདུན་ནས་ཚེས་དགུ་ཉིན་བར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོང་ཞོ་ཝེ་ཡིས་ཁྲིད་པའི་རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་ཟི་ལིང་དུ་ཧོང་ཞོ་ཝེ་དང་བཞུགས་མོལ་བྱས།
ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཧོང་ཞོ་ཝེ་འཁོར་དང་བཅས་པར་དགའ་བསུ་བྱས་པ་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་སེམས་ཁུར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བསྟན་དོན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་སྲུང་འཛིན་བྱེད་རྒྱུ་གཅིག་སྡུད་བྱས་པ་དང་། རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཏང་ལ་དྲིན་གཟོ་འཇལ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དྲིན་གཟོ་འཇལ་བ། དུས་རབས་གསར་བར་དྲིན་གཟོ་འཇལ་བར་སྣེ་ཁྲིད་ནས། བུད་མེད་དང་བྱིས་པའི་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བུད་མེད་དང་བྱིས་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་སྤེལ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། གྲོང་གསེབ་དར་སྤེལ་བྱེད་པ་སོགས་ཀྱི་བྱ་བའི་ཁྲོད་དུ་གནམ་ཕྱེད་ཀྱི་ནུས་པ་གལ་ཆེན་བཏོན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བུད་མེད་ཀྱིས་བྱས་རྗེས་བཞག རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔོན་ཆད་དང་འདྲ་བར་མཚོ་སྔོན་ལ་མཛུབ་སྟོན་དང་རོགས་རམ་གང་མང་གནང་ནས། དུས་རབས་གསར་བའི་མཚོ་སྔོན་གྱི་བུད་མེད་དང་བྱིས་པའི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཧོང་ཞོ་ཝེ་ཡིས་མཚོ་སྔོན་ཞིང་ཆེན་གྱིས་བུད་མེད་དང་བྱིས་པའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་། མོས་བཤད་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་ལག་བསྟར་ནན་མོ་བྱས་ཏེ། བུད་མེད་དང་བྱིས་པའི་ལས་དོན་ལ་མཐོང་ཆེན་དང་ནུས་པ་ཆེན་པོ་བཏོན་པ་དང་། ཏང་འཛུགས་ཀྱིས་ཚོགས་པའི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་དང་ཚོགས་པའི་རོགས་ལས་ཅན་གྱི་འཛུགས་སྐྲུན་སོགས་ཀྱི་ལམ་ལུགས་གསར་སྐྲུན་བྱས་པ་བརྒྱུད་ནས། བུད་མེད་དང་བྱིས་པར་དོན་དངོས་དང་དོན་བཟང་གང་མང་བསྒྲུབས་ནས། བུད་མེད་དང་བྱིས་པའི་ལས་དོན་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བཏང་། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་ཡིད་འཇོག་བྱེད་པའི་སྐོར་གྱི་རྣམ་བཤད་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱས་ཏེ། ཏང་ཨུའི་ཡང་དག་པའི་འགོ་ཁྲིད་འོག རྩ་འཛུགས་ཀྱིས་སྣེ་ཁྲིད་དང་ཞབས་ཞུ་ལ་འབྲེལ་འདྲིས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་དུ་བུད་མེད་ཀྱི་གནམ་ཕྱེད་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། ཏང་གིས་སྲིད་སྐྱོང་བའི་གྲལ་རིམ་རྨང་གཞི་དང་མང་ཚོགས་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། ཧོང་ཞོ་ཝེ་སོགས་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་ཁུལ། མཚོ་ཤར་གྲོང་ཁྱེར། མཚོ་བྱང་ཁུལ་སོགས་ལ་སོང་སྟེ་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་པ་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་བཟོ་བར་འཚམས་འདྲི་བྱས། མོས་བཤད་དོན། བུད་མེད་དང་བྱིས་པའི་ལས་དོན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། བུད་མེད་ཀྱིས་སྤྱི་ཚོགས་འཚོ་བ་དང་ཁྱིམ་ཚང་འཚོ་བའི་ཁྲོད་དུ་ཐུན་མོང་མ་ཡིན་པའི་ནུས་པ་འདོན་པ་དང་། བུད་མེད་ཀྱིས་གྲོང་གསེབ་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ལས་དོན་ཁྲོད་དུ་གསར་སྐྲུན་ལས་སྤེལ་བྱེད་པར་སྐུལ་མ་གཏོང་བ། རླབས་ཆེན་ལས་དོན་གྱི་འཛུགས་སྐྲུན་མཁན་དང་དཔལ་ཡོན་སྲོལ་བཟང་དར་སྤེལ་མཁན། སྤོབས་པ་ཆེན་པོས་ཕུགས་འདུན་མངོན་འགྱུར་བྱེད་པའི་འབད་འཐབ་མཁན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ་གཙོ་སྙིང་དུ་བཟུང་སྟེ། ཏན་ཏན་ཏིག་ཏིག་སྒོས་ཁྱིམ་ཚང་གི་སློབ་གསོའི་མཛུབ་སྟོན་བྱ་བ་བཟང་བོ་བསྒྲུབ་པ་དང་། བྱིས་པ་འཚར་ལོངས་འབྱུང་བའི་ལམ་སྟོན་མཁན་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་མཁན། བྱིས་པའི་མ་འོངས་པའི་རེ་བ་སྐོང་མཁན་བཟང་བོ་བྱེད་དགོས་ལ། རིགས་སོ་སོའི་མང་ཚོགས་ལ་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཚན་རྩལ་གསར་སྐྲུན་གྱི་བུད་མེད་འགུལ་སྐྱོད་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། བུད་མེད་ལས་དོན་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
ཞིང་ཆེན་གྱི་འགོ་ཁྲིད་པ་ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན་དང་ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ། མ་ཅི་ཞོ་བཅས་བཞུགས་མོལ་ཚོགས་འདུ་དང་རྟོག་ཞིབ་བྱ་འགུལ་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།