ཝུའུ་ཞའོ་ཅུན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་རྒྱུད་གཅིག་ལམ་གཅིག་གི་དག་གཙང་ནུས་ཁུངས་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་པའི་སྐུ་མགྲོན་སྐོར་ཞིག་ལ་ཐུག་འཕྲད་བྱས། 
2022.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་ནས་ཉིས་སྟོང་ཉེར་གཉིས་ལོའི་རྒྱུད་གཅིག་ལམ་གཅིག་གི་དག་གཙང་ནུས་ཁུངས་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་པའི་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་པ་དང་། ཡོན་ཧྲི། སྐད་གྲགས་ཅན་གྱི་ཆེད་མཁས་པ། ཀྲུང་དབྱང་ཁེ་ལས། ཁེ་ལས་ཀྱི་འཐུས་མི་བཅས་ལ་ཐུག་འཕྲད་བྱས། 

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གླེང་སྟེགས་ལ་ཞུགས་པར་ཡོང་བའི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་བོར་མཚོ་སྔོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མཐོང་ཆེན་གནང་བཞིན་ཡོད་པ་དང་། ཆེས་ཆེན་པོ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གཏན་འཁེལ་གསལ་བོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་བཅས་པའི་ཐོན་ལས་ཀྱི་མཐོ་ས་བཞི་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཐབས་ལམ་བཏོན་ཡོད། ཐེངས་འདིའི་གླེང་སྟེགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དག་གཙང་ནུས་ཁུངས་ཀྱི་བདེ་འཇགས་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་བཏང་སྟེ་ལྷད་མེད་ཐཱན་ཉུང་ལ་སྐུལ་འདེད་གཏོང་བ་བརྗོད་སྙིང་དུ་བཟུང་ཡོད། མཚོ་སྔོན་ལ་རྐང་བཙུགས་ཤིང་ནུབ་བྱང་ས་ཁུལ་ལ་ཁ་ཕྱོགས་ཏེ་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཕྱོགས་སོ་སོའི་བློ་གྲོས་གཅིག་ཏུ་བསྡུས་ནས། དག་གཙང་ནུས་ཁུངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཧུར་ཐག་སྒོས་རྒྱལ་ཡོངས་སུ་ཐཱན་རྩེར་སོན་དང་ཐཱན་སྙོམས་སྒྲིག་གི་དམིགས་འབེན་མངོན་འགྱུར་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། སྐུ་མགྲོན་དག་གིས་སྔོན་ཐོན་གྱི་འདུ་ཤེས་དང་ཉམས་མྱོང་། རྣམ་པ་བཅས་མཚོ་སྔོན་དུ་ཁྱེར་ཡོང་ནས་འབྲེལ་ཡོད་ཐོན་ལས་ཀྱི་དངུལ་གཏོང་ལ་བཀོད་སྒྲིག་གང་ལེགས་བྱས་ཏེ། མཉམ་དུ་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པའི་ཁྲོད་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་དང་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་རྒྱུའི་རེ་བ་ཡོད་ཟེར། 

དེར་ཡོད་ཀྱི་སྐུ་མགྲོན་དག་གིས་གླེང་སྟེགས་སྤེལ་བར་རྟེན་འབྲེལ་ཞུས། ཚང་མས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་དམིགས་བསལ་ཡིན་པ་དང་། དག་གཙང་ནུས་ཁུངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ། གསར་སྤེལ་འཛུགས་སྐྲུན་བྱེད་པར་ཁྱད་སྟོབས་ཡོད་པས། རྒྱལ་ཁབ་ཀྱིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་འཐབ་ཇུས་ཀྱི་གཞོགས་འདེགས་ནུས་པ་གལ་ཆེན་ཐོན་ཡོད། ཁྱད་སྟོབས་ཁ་གསབ་དང་ལག་རྡང་སྦྲེལ་ནས་མཉམ་ལས་བྱས་ནས།  མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པར་རོགས་འདེགས་བྱས་ཏེ། མཉམ་རྒྱལ་དང་ཁེ་ཕན་མང་བའི་རྣམ་པ་གསར་བ་བསྐྲུན་དགོས་ཟེར། 

ཝུའུ་ཞའོ་ཅུན་གྱིས་ད་རུང་སྔ་གཞུག་ཏུ་ཀྲུང་གོའི་ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་ཚད་ཡོད་ཀུང་སིའི་རྐང་གཉེར་དབུ་གཙོ་ཡུས་ཕའེ་ཀིན་དང་། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཅང་ཡེ། མེན་དབྱང་བློ་གྲོས་ནུས་ཁུངས་སྡེ་ཚོགས་མ་རྐང་ཀུང་སིའི་རྐང་གཉེར་དབུ་གཙོ་ཀྲང་ཁྲོན་ཝེ། ཞིན་ཅང་ཅིན་ཧྥུན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་འཛིན་ཚའོ་ཀྲི་ཀང་། ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་བརྗེ་རེས་ལྟེ་གནས་ཀྱི་ལས་འཛིན་པ་གཞོན་པ་ཀྲུའུ་མེན། ཐེན་ཧི་འོད་ནུས་མ་རྐང་ཚད་ཡོད་ཀུང་སིའི་རྐང་འཛིན་དབུ་གཙོ་ཀའོ་ཅི་ཧྥན་སོགས་སྐུ་མགྲོན་ལ་ཐུག་འཕྲད་བྱས། 

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་ལིའུ་ཁྲའོ་བཅས་སོ་སོར་ཐུག་འཕྲད་ལ་ཞུགས། 


བསོད་ནམས་ཚེ་རིང་གིས་བསྒྱུར།