མཚོ་སྔོན་གྱིས་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱས་ཏེ་སྐབས་དྲུག་པའི་དར་གོས་ཚོང་ལམ་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུར་ཞུགས། 
2022.08.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

སྐབས་དྲུག་པའི་དར་གོས་ཚོང་ལམ་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དང་ཀྲུང་གོའི་ཤར་ནུབ་ཕྱོགས་ཀྱི་མཉམ་ལས་དང་དངུལ་གཏོང་ཉོ་ཚོང་གི་ཚོང་གཏམ་གྲོས་ཚོགས་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་ཞི་ཨན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་སུ་སྤེལ་མགོ་བརྩམས། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་ཚོགས་འདུར་ཞུགས་པ་དང་། མཚོ་སྔོན་གྱི་གནས་བཞིའི་དྲིལ་སྒྲོག་མཚམས་སྦྱོར་འགྲེམ་སྟོན་ཚོམས་ནང་དུ་སོང་ནས་རང་ཞིང་གི་འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་དག་དང་བརྗེ་རེས་བྱས། 

ཐེངས་འདིར་མཚོ་སྔོན་འཐུས་ཚབ་ཚོགས་པའི་བརྗོད་སྙིང་ནི་གནས་བཞིའི་འཛུགས་སྐྲུན་གཙོར་བཟུང་སྟེ། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བསྐྱོད་ཅེས་པ་དེ་ཡིན། ཞིང་ཆེན་གྱི་གནས་ཚུལ་མཚམས་སྦྱོར་དང་དངུལ་གཏོང་གཙོ་གནད། ཚོང་གཉེར་ཁོར་ཡུག ཚོང་རྫས་འགྲེམ་འཚོང་སོགས་ལ་བརྟེན་ནས། རང་ཞིང་གི་སྤྱིའི་སྣང་བརྙན་དང་ཐོན་ཁུངས་ཁྱད་སྟོབས། ཁྱད་ལྡན་ཐོན་ལས། དེ་མིན་འབྲེལ་ཡོད་ལས་རིགས་ཁྱབ་ཁོངས་ནས་བླངས་པའི་སྤྱིར་བཏང་མིན་པའི་གྲུབ་འབྲས་བཅས་དྲིལ་སྒྲོག་བྱས། བརྙན་རིས་དང་གློག་འོད། པར་རིས། དངོས་པོ་བཅས་ཀྱི་རྣམ་པར་བརྟེན་ནས། རང་ཞིང་གི་ཐོན་ལས་གནས་བཞིའི་ཐོན་ཁུངས་ཁྱད་སྟོབས་དང་ཐོན་ལས་རྨང་གཞི། ལས་གཞི་ཆེན་མོ། ཁྱད་ལྡན་ཐོན་རྫས་ཀྱི་མི་མངོན་པའི་ཁྱད་སྟོབས་བཅས་མཚམས་སྦྱོར་བྱས་ཏེ། མཚོ་སྔོན་གྱི་ཐོན་རྫས་སྔར་ལས་མང་བོ་མཚོ་སྔོན་ནས་ཐོན་ཏེ་རྒྱལ་ཡོངས་སུ་འགྲེམ་པར་སྐུལ་འདེད་བཏང་། ཞིང་ཆེན་ནང་ཁུལ་གྱི་འགྲེམ་སྟོན་ཁེ་ལས་བཅོ་བརྒྱད་ཀྱིས་གཅིག་བསྡུས་སྒོས་ཕུལ་དུ་བྱུང་བའི་ས་གནས་ཁྱད་ལྡན་ཐོན་རྫས་དང་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཀྱི་ལས་སྣོན་ཐོན་རྫས། སྐྱེ་དངོས་ཚན་རྩལ། རྨ་ཙོང་གཟུགས་འདས་ཤུལ་བཞག་རིག་གནས་སོགས་ཐོན་རྫས་རིགས་ཆེན་མོ་བརྒྱ་ལྷག་འགྲེམ་སྟོན་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཚོགས་ཞུགས་ཚོང་མགྲོན་དག་གི་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཁེ་ལས་ཐོན་རྫས་ཀྱི་མིང་གྲགས་དང་ཤུགས་རྐྱེན་ཇེ་ཆེར་བཏང་ཡོད། 

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་དར་གོས་ཚོང་ལམ་འགྲེམ་སྟོན་ཚོགས་འདུ་དེ་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཚོང་དོན་པུའུ། ཀྲུང་གོའི་ཕྱི་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ཚོགས་པ། རྒྱལ་ཁབ་ཚོང་རའི་ལྟ་རྟོག་དོ་དམ་སྤྱི་ཁྱབ་ཅུའུ། ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གདན་དྲངས་པ་ལྟར་མཚོ་སྔོན་ཞིང་ཆེན་གྱིས་འཐུས་ཚབ་ཚོགས་པ་མངག་ནས་ཚོགས་འདུར་ཞུགས་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།