ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་རྩ་གནད་ལ་སློབ་སྦྱོང་དང་ཞིབ་བསྡུར་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དངོས་འབེབས་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་ནས་བསྟན་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་བཀོལ་སྤྱོད་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལག་ལེན་ལ་མཛུབ་སྟོན་བྱས་ནས་གྲུབ་པའི་རིགས་གཞུང་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། དུས་རབས་གསར་བར་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་འགུལ་སྐྱོད་ཕྱོགས་སྟོན་ཡིན་པར་མ་ཟད། དུས་རབས་གསར་བའི་དཔལ་འབྱོར་འཕེལ་རྒྱས་ལ་ལྟ་སྟངས་ཅི་འདྲ་འཛིན་པ་དང་ཇི་ལྟར་སྒྲུབ་པ་སོགས་ཀྱི་རིགས་གཞུང་གལ་ཆེན་རབ་དང་རིམ་པ་དང་ལག་ལེན་གནད་དོན་ལ་ལན་ཞིབ་མོ་བཏབ་ཡོད་པ་དང་དེ་ལ་ཚན་རིག་རང་བཞིན་དང་མི་དམངས་རང་བཞིན། དུས་རབས་རང་བཞིན། ལག་ལེན་རང་བཞིན། སྒོ་འབྱེད་རང་བཞིན་དྲག་པོ་ལྡན།
གྲོས་ཚོགས་ནས་བསྟན་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱས་ཏེ། སློབ་སྦྱོང་ནན་མོ་བྱས་ནས་གོ་བ་ཟབ་མོ་ལེན་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི་པོད་དང་པོ་ནས་བཞི་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་དགོས་ལ། ཏང་གིས་དཔལ་འབྱོར་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཆོས་ཉིད་ལ་སྔར་ལས་ངོས་འཛིན་གང་ལེགས་བྱེད་པ་དང་། དཔལ་འབྱོར་བྱ་བ་དམ་འཛིན་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ། བློ་ཐག་རྦད་ཆོད་སྒོས་རིམས་ནད་གཏན་འགོག་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ་དང་འཕེལ་རྒྱས་བདེ་འཇགས་ཡིན་པའི་བླང་བྱ་གལ་ཆེན་དངོས་འབེབས་བཟང་བོ་བྱེད་པར་མ་ཟད། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར། རིམས་ནད་འགོག་སྡོམ་གྱི་ཆབ་སྲིད་འགན་འཁྲི་དང་ལེན་བཟང་བོ་བྱེད་པ་དང་། དཔལ་འབྱོར་ཐད་ནས་ཁེ་ལས་བརྟན་འཇགས་དང་བསྐྱར་འཕར་འབྱུང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་འདོན་པ། སྟོབས་ཤུགས་ཡོད་རྒུས་ཞིང་གསུམ་བྱ་བ་དམ་འཛིན་བྱེད་པ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ཞིང་ཏན་ཏིག་སྒོས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། གནོད་འགོག་རྒུད་སེལ་དང་བདེ་འཇགས་ཞོད་འགོག་བྱ་བ་དམ་འཛིན་བྱེད་པར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ལོ་གསུམ་འགུལ་སྐྱོད་འཆར་འགོད་དང་མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་རིགས་གཞུང་བཅོས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེད་ཐབས། མཚོ་སྔོན་ཞིང་ཆེན་གྱིས་གཞུང་བཙུགས་སྨན་ཁང་གི་ཟླ་ཕོགས་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལག་བསྟར་བསམ་འཆར་བཅས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་དམངས་ཡོངས་ཀྱི་ལུས་སྦྱོང་སྲོལ་ཡིག་འཆར་ཟིན་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་རོགས་མི་སྣའི་དོ་དམ་སྲོལ་ཡིག་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་སྟེ། བཟོ་བཅོས་གང་ལེགས་བྱས་རྗེས་གོ་རིམ་ལྟར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་ནས་གྲོས་ཞིབ་བྱེད་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།