ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་བསྡུས།
2022.08.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ནས། དེང་སྐབས་ཀྱི་རིམས་ནད་འགོག་སྡོམ་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། རིམས་ནད་འགོག་སྡོམ་བྱེད་པའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝུའུ་ཞོ་ཅུན་གྱིས་གཏམ་བཤད།

གྲོས་ཚོགས་ནས་རིམས་ནད་འགོག་སྡོམ་གནས་བབ་ལ་དབྱེ་ཞིབ་བྱས་རྗེས་བསྟན་དོན། དེང་སྐབས་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་གང་མང་དུ་རིམས་ནད་བྱུང་བ་ཇེ་མང་དུ་འགྲོ་བཞིན་ཡོད་པས། རིམས་ནད་འགོག་སྡོམ་བྱེད་རྒྱུ་དེ་གནད་འགག་དུས་སྐབས་སུ་གནས་ཡོད། རང་ཞིང་གི་རིམས་ནད་འགོག་སྡོམ་མདུན་དུ་ལྷགས་པའི་ཛ་དྲག་དང་རྙོག་འཛིང་ཆེ་བའི་གནས་བབ་ལ་ཅིས་ཀྱང་ངོས་འཛིན་གསལ་བོ་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བཟང་བོ་བྱེད་དགོས་ལ། བློ་བརྟན་འགྱུར་མེད་སྒོས་ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཇུས་གཞི་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཅིས་ཀྱང་རྒྱལ་ཁ་ལེན་པའི་ཆོད་སེམས་ཇེ་བརྟན་དུ་གཏོང་བ། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ། ནུས་ལྡན་བྱེད་ཐབས་སྤྱད་དེ་ཧུར་ཐག་སྒོས་དུས་ཚོད་ཐུང་བའི་ནང་དུ་རིམས་ནད་འགོས་ཁྱབ་ཏུ་འགྲོ་བ་ཚོད་འཛིན་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན། རིམས་ནད་ཐག་གཅོད་ཀྱི་གནད་འགག་དུས་སྐབས་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་རིམས་ནད་འགོག་སྡོམ་ཇུས་གཞི་དགུ་བ་ལྟར། གཟབ་ནན་དང་ཞིབ་ཕྲ་སྒོས་རིམས་ནད་འགོག་སྡོམ་བྱེད་ཐབས་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་དགོས། བློ་ཐག་རྦད་ཆོད་སྒོས་ཕྱི་ནས་ནང་ལ་མཆེད་པ་འགོག་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཡར་ཞུའི་ལམ་ལུགས་གཟབ་ནན་སྒོས་དངོས་འབེབས་བྱས་ནས། རྒྱལ་ནང་གི་ཉེན་ཁ་མཐོ་འབྲིང་ས་ཁུལ་ནས་མཚོ་སྔོན་ལ་ཡོང་བ་དང་ཕྱིར་འགྲོ་བའི་མི་སྣར་དུས་ཐོག་ཏུ་བཀག་སྡོམ་དོ་དམ་བྱེད་པ་དང་། ས་ཚིགས་གཉིས་དང་གནམ་གྲུ་ཐང་གཅིག་དང་ཞིང་ཆེན་རིམ་པའི་འགྲིམ་འགྲུལ་འགག་སྒོ་དང་ལས་ཁུངས་གཙོ་བོ། ཚོགས་ར་གཙོ་བོ་སོགས་གཏན་སྲུང་བྱེད་དགོས། བློ་ཐག་རྦད་ཆོད་སྒོས་ནང་འགོག་བསྐྱར་འཕར་བྱ་བ་བཟང་བོར་བསྒྲུབ་སྟེ་ཁུལ་ཁོངས་ཞིབ་བཤེར་དང་ཁྱོན་ཡོངས་ལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་ཞིང་མི་སྣ་གཙོ་བོ་ཚང་མ་དམིགས་སུ་བཀར་བ་དང་། ཉིང་སྐྱུར་བརྟག་བཤེར་ནུས་པ་ཇེ་ཆེར་གཏོང་བ། ཞིབ་བཤེར་བྱེད་དགོས་པར་ཅིས་ཀྱང་ཞིབ་བཤེར་བྱེད་པ་དང་། འདུ་འཛོམས་མི་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྒྱུན་རྣམ་ཅན་གྱི་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱས་ནས་མགྱོགས་མྱུར་དང་ནུས་ལྡན་སྒོས་ཡིབ་སྐུང་བྱེད་པ་གཙང་སེལ་བྱེད་དགོས། དེ་དང་མཉམ་དུ་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་རིམས་ནད་གཏན་སྲུང་བྱེད་པ་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ། འཕེལ་རྒྱས་བདེ་འཇགས་ཡིན་པའི་བླང་བྱ་གལ་ཆེན་ལག་བསྟར་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། ཏན་ཏན་ཏིག་ཏིག་སྒོས་བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ། དངོས་རྫས་གེགས་མེད་དུ་སྐྱེལ་འདྲེན་བྱེད་པ་སྲུང་འཛིན་བྱེད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བརྟན་བརླིང་དང་གོ་རིམ་ལྡན་པར་འགན་སྲུང་བྱེད་པ། ཚད་མཐོན་པོའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཟོས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས།

གྲོས་ཚོགས་སྟེང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཆབ་སྲིད་འགན་འཁྲི་ཅིས་ཀྱང་དང་ལེན་བྱས་ཏེ། རིམས་ནད་འགོག་སྡོམ་བྱེད་པ་དེ་དེང་སྐབས་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམ་འཛིན་བྱེད་པ་དང་། འགོ་ཁྲིད་པ་དང་པོས་དངོས་སུ་འགོ་ཁྲིད་དེ་འཐབ་ཕྱོགས་དང་པོར་སོང་ནས་བཀོད་འདོམས་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ཀུན་གྱི་མདུན་དུ་སྐྱོད་པ་དང་དུམ་ཁུལ་འགན་ལེན་བྱེད་པ། ལྟ་རྟོག་དང་མཛུབ་སྟོན་ནུས་པ་ཇེ་ཆེར་གཏོང་བ། འགན་འཁྲི་ཁག་ཁུར་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་ཉིད་ཀྱི་མི་ལ་དོ་དམ་བཟང་བོ་བྱེད་པ་དང་། རང་ཉིད་ཀྱི་སྒོ་གཏན་སྲུང་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ། རྡོག་རྩ་གཅིག་སྒྲིལ་དང་དཀའ་ཁག་ཁྱད་སེལ་གྱི་དྲང་ཕྱོགས་ནུས་ཚད་གཅིག་སྡུད་བྱེད་པ་དང་། གོང་འོག་མཉམ་འབྲེལ་བྱེད་པ། སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་སྡོམ་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་དགོས་པར་མ་ཟད་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཞིང་ཆེན་གྱི་འགོ་ཁྲིད་པ་ཁྲིན་རོས་ཧྥིན་དང་ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན། ལིས་ཧོང་ཡ། དེ་མིན་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་འགོ་ཁྲིད་བློ་མཐུན་གཙོ་བོ་གྲོས་ཚོགས་ལ་ཞུགས།

                                                                                                               བཀྲ་ཤིས་འབུམ་གྱིས་བསྒྱུར།