ཞིན་ཁྲང་ཞིང་དང་ཝུའུ་ཞོ་ཅུན་གཉིས་ཀ་རྟ་ཐང་རྫོང་དུ་སོང་ནས་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་ལྟ་ཞིབ་དང་ཉེན་སེལ་རྒུད་སྐྱོབ་བྱ་བར་བཀོད་འདོམས་བྱས།
2022.08.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཆིན་ཧྲན་ཡུལ་ཚོ་དང་ཆིན་ལིན་ཡུལ་ཚོ་ལ་ཆར་བ་དྲག་པོ་བབས་ཏེ་རི་ཉིལ་བ་དང་ཆུ་ལོག་བརྒྱུགས་ནས། མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཉེན་སེལ་རྒུད་སྐྱོབ་ཐག་གཅོད་བྱ་བའི་འཕྲལ་བསྟུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་། ཉེན་སེལ་རྒུད་སྐྱོབ་ཐག་གཅོད་བྱ་བའི་འཕྲལ་བསྟུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝུའུ་ཞོ་ཅུན་གཉིས་ཀ་དུས་ཐོག་ཏུ་གནོད་ཐེབས་ཡུལ་དངོས་ལ་སོང་སྟེ་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་ཉེན་སེལ་རྒུད་སྐྱོབ་བྱ་བར་བཀོད་འདོམས་བྱས་པར་མ་ཟད་ཞིང་ཆེན་ཏང་ཨུའི་ཆེད་དོན་གྲོས་ཚོགས་དང་ཉེན་སེལ་རྒུད་སྐྱོབ་ཐག་གཅོད་བྱ་བའི་འཕྲལ་བསྟུན་བཀོད་འདོམས་པུའུ་ཡི་གྲོས་ཚོགས་བསྡུས་ནས། འཕྲལ་བསྟུན་ཐག་གཅོད་བྱ་བར་བཀོད་སྒྲིག་བྱས།

ཞིན་ཁྲང་ཞིང་དང་ཝུའུ་ཞོ་ཅུན་གཉིས་ཀྱིས་བསྟན་དོན། ད་ལོའི་ཆར་ཆུ་མོད་པའི་སྐབས་སུ། རང་ཞིང་གི་ས་ཁུལ་ཁ་ཤས་ལ་ཆར་བ་དྲག་པོ་བབས་པས་ཞོད་འགོག་གནས་བབ་ཧ་ཅང་ཛ་དྲག་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་རྒུད་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཆུ་ལོག་བརྒྱུགས་ཏེ་ས་གཤིས་ལ་གནོད་འཚེ་ཐེབས་པར་འགོག་སྲུང་དང་འཕྲལ་བསྟུན་ཉེན་སེལ་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས་ལ། ནན་ཏན་དང་ཞིབ་ཕྲ་སྒོས་ཞོད་འགོག་རྒུད་སྐྱོབ་བྱེད་ཐབས་དམ་འཛིན་བྱས་ནས།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་དགོས།

ཞིན་ཁྲང་ཞིང་དང་ཝུའུ་ཞོ་ཅུན་གཉིས་ཀྱིས་བསྟན་དོན། མི་སྣ་འཚོལ་སྐྱོབ་བྱེད་རྒྱུ་ལས་འགན་དང་པོར་བཞག་སྟེ། མི་སྣ་གང་མང་རྩ་འཛུགས་བྱེད་པ་དང་གཞི་ཁྱོན་ཆེ་རུ་བཏང་ནས་ཞིབ་བཤེར་ནན་མོ་བྱེད་པ་དང་། སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེར་སོང་ནས་འབྲེལ་ཆད་མི་གྲངས་རྩིས་ལེན་ཞིབ་མོ་བྱེད་དགོས། རྨས་མ་མྱུར་སྐྱོབ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱེད་པ་དང་། རྒུད་སྐྱོབ་སྟོབས་ཤུགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། ཉེན་ཁར་ཞིབ་བཤེར་དང་ཡང་བསྐྱར་གནོད་འཚེ་འབྱུང་བ་གཏན་འགོག་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་གཞུང་ལམ་ཞིག་གསོ་དང་འཕྲིན་གཏོང་སོགས་སླར་གསོ་བྱེད་པ། གནོད་འཚེ་བྱུང་རྐྱེན་ལ་ཞིབ་བཤེར་དང་འབྲེལ་ཡོད་འདས་མཇུག་བྱ་བ་བཟང་བོར་བསྒྲུབ་དགོས། ཞོད་འགོག་ཇུས་གཞི་གཏན་འཁེལ་ཞིབ་མོ་བྱས་ཏེ། སྡེ་བ་དང་ཁྱིམ་ཚང་། མི་སྒེར་བཅས་ཉེན་ཁ་ལས་གཡོལ་བར་བྱེད་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་པ་ཡུལ་དངོས་ལ་སོང་ནས་བཀོད་འདོམས་བྱེད་པ། རྫོང་དང་ཡུལ་ཚོའི་ལས་བྱེད་པ་འཐབ་ཕྱོགས་དང་པོ་རུ་སོང་ནས་མང་ཚོགས་རྩ་འཛུགས་བྱས་ཏེ་ཉེན་ཁ་ལས་གཡོལ་བར་བྱེད་པ། ནུས་ལྡན་བྱེད་ཐབས་སྤྱད་དེ་གནོད་འཚེ་ཐེབས་སྲིད་པའི་མང་ཚོགས་དུས་ཐོག་ཏུ་གནས་གཞན་ལ་སྤོར་དགོས། བྱ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ལས་རེས་ལས་སྲུང་དང་སྐོར་ཞིབ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། གནོད་འཚེ་འབྱུང་བ་དུས་ཐོག་ཏུ་རྟོགས་པར་བྱེད་པ་དང་དུས་ཐོག་ཏུ་ཡར་ཞུ་བྱེད་པ། དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ཆར་ཞོད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱེད་པའི་གནད་འཁེལ་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་བཏང་ནས། དུས་ཐོག་ཏུ་ སྔོན་བརྡ་དང་ཉེན་བརྡ་གཏོང་བའི་ཆ་འཕྲིན་ཁྱབ་སྒྲོག་བྱེད་དགོས། འཕྲོད་བསྟེན་རིམས་འགོག་བྱ་བར་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། ཆེད་ལས་སྟོབས་ཤུགས་རྩ་འཛུགས་བྱས་ནས་ཁོར་ཡུག་དུག་སེལ་བྱ་བ་བསྒྲུབ་དགོས་པ་དང་། གནོད་ཐེབས་ཡུལ་དངོས་དང་བཀོད་སྒྲིག་བྱེད་སའི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་དགོས། བསླབ་བྱ་དང་ལེན་བཟང་བོ་བྱེད་པ་དང་དཔེ་གཅིག་གིས་དོན་བརྒྱ་མཚོན་པར་བྱས་ཏེ། ཞིང་ཆེན་ཡོངས་སུ་འབྱུང་སྲིད་པའི་ཉེན་ཁར་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པ་དང་། བསམ་བློའི་གྲ་སྒྲིག་དང་བྱ་བའི་གྲ་སྒྲིག དངོས་རྫས་གྲ་སྒྲིག་གང་ལེགས་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་དང་ལེན་བྱེད་པའི་འགན་འཁྲིའི་ནུས་པ་དེ་ཞོད་འགོག་དང་ཉེན་སེལ། མྱུར་སྐྱོབ་བཅས་དང་དམ་པོར་སྦྲེལ་ནས། ཐལ་དྲགས་པའི་རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་བའི་བྱ་བ་བཟང་བོར་བསྒྲུབ་དགོས།

ཞིང་ཆེན་གྱི་འགོ་ཁྲིད་པ་ཁྲིན་རོས་ཧྥིན་དང་ཝང་ཝེ་ཏུང་། ཀྲུའུ་ཞང་ཧྥིན། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ལིའུ་ཀི་ཕེན་བཅས་ལྟ་ཞིབ་བྱ་བར་ཞུགས།

                                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།