ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་རྒུད་སྐྱོབ་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་རྒུད་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་པ་དང་། ཞོད་འགོག་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་རྒུད་སྐྱོབ་བྱ་བར་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་གཏོང་། ཡང་བསྐྱར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཆུ་རྒྱས་པའི་དུས་སུ་སླེབས་རྗེས། རང་ཞིང་དུ་ཆར་བ་འབབ་རྒྱུ་མང་ཞིང་ཆར་བ་བབས་པའི་ཁྱབ་རྒྱ་ཆེ་བ་དང་ས་ཁུལ་ཁ་ཤས་སུ་ཆར་བ་དྲག་པོ་བབས་པས་ཞོད་འགོག་རྒུད་སྐྱོབ་གནས་བབ་སྔར་ལས་ཛ་དྲག་ཆེ། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བློ་ཐག་རྦད་ཆོད་སྒོས་ཚད་མཐའི་བསམ་ཕྱོགས་དང་ཚད་བརྒལ་བསམ་ཕྱོགས་བརྟན་པོ་ཆགས་པར་བྱེད་དགོས་ལ། ཞོད་འགོག་དང་ཉེན་སེལ། རྒུད་སྐྱོབ་བྱེད་པར་རྐང་བཙུགས་ནས་མྱུར་དུ་འགུལ་སྐྱོད་སྤེལ་བ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་ཞོད་འགོག་རྒུད་སྐྱོབ་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་རྦད་ཆོད་སྒོས་སྲུང་སྐྱོབ་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། བཀོད་འདོམས་དང་བཀོད་གཏོང་བྱ་བར་སྔར་ལས་ཤུགས་བསྣན་ཏེ། ཞོད་འགོག་རྒུད་སྐྱོབ་ཁོངས་གཏོགས་ས་གནས་ཀྱི་འགན་འཁྲི་དང་གཙོ་གཞིའི་འགན་འཁྲི། ལས་རིགས་ཀྱི་འགན་འཁྲི། ལས་ཁུངས་ཀྱི་འགན་འཁྲི་བཅས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། ཁྱོན་ཡོངས་ནས་འགན་འཁྲི་ལག་བསྟར་དང་ཡུལ་དངོས་སུ་བཀོད་འདོམས་གང་ལེགས་བྱེད་པ། བློ་ཐག་རྦད་ཆོད་སྒོས་ལྷོད་གཡེང་གི་བསམ་ཚུལ་དང་སྟེས་དབང་གི་བསམ་ཚུལ་བསྒྱུར་དགོས་ལ། འགན་འཁྲི་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་ཁྱིམ་ཚང་རེ་རེར་དངོས་འབེབས་བྱེད་དགོས། སྔོན་དཔག་བྱེད་པ་དང་སྔོན་བརྡ་དང་ཉེན་བརྡ་གཏོང་བར་སྔར་ལས་ཤུགས་བསྣན་ཏེ། གནོད་འཚེ་འབྱུང་བར་ཉེན་བརྡ་གཏོང་བའི་བྱ་བ་དམ་འཛིན་བྱེད་པ་དང་། ཉེན་བརྡའི་ཆ་འཕྲིན་མཉམ་སྤྱོད་བྱེད་པར་ཤུགས་སྣོན་དགོས་ལ། མང་ཚོགས་ལ་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱས་ནས་ཉེན་གཡོལ་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཉེན་ཁར་ཞིབ་བཤེར་བྱེད་པར་ཤུགས་བསྣན་ཏེ། ཆུ་མཛོད་ཀྱི་བདེ་འཇགས་བྱ་བ་དམ་འཛིན་བྱེད་པ་དང་། རི་ཉིལ་བ་དང་ཆུ་ལོག་བརྒྱུགས་པའི་ཉེན་ཁ་འགོག་པ། ཆུ་བོ་འབྲིང་ཆུང་དང་ཞིང་སྡེའི་གཞུང་ལམ་དང་ཟམ་པ་སོགས་ལ་དོགས་ཟོན་ནན་མོ་བྱས་ནས། ཉེན་ཁ་རྩད་ཆོད་རྗེས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། མང་ཚོགས་གནས་སྤོར་དང་ཉེན་གཡོལ་བྱེད་པར་ཤུགས་བསྣན་ཏེ། སུ་གནས་སྤོར་བ་དང་སུས་རྩ་འཛུགས་བྱེད་པ། དུས་ནམ་ཞིག་ལ་གནས་སྤོར་བ། ས་གང་དུ་གནས་སྤོར་བ། ཇི་ལྟར་དོ་དམ་བྱེད་པ་བཅས་གནད་འགག་གི་ལས་རིམ་ལྔའི་བྱ་བ་དངོས་འབེབས་བཟང་བོ་བྱེད་པ་དང་། ཉེན་ཁའི་ས་ཁུལ་དང་ཉེན་ཁ་ཡོད་སར་འབྲེལ་བ་ཡོད་པའི་མི་སྣ་མྱུར་དུ་ས་གཞན་ལ་གནས་སྤོར་དགོས་ལ། རྩྭ་ས་དང་ཕྱུགས་ར། ཨར་ལས་ཀྱི་སྒར་ས། གཞུང་ལམ་དང་ཟམ་པ། གནས་སྐོར་ལྗོངས་རྒྱུ་བྱེད་ས་སོགས་ཀྱི་མི་སྣའི་དོ་དམ་ལ་ཤུགས་སྣོན་པ་དང་བདག་མེད་ལོ་ལོན་དང་ཕ་མ་གམ་དུ་མེད་པའི་བྱིས་པ། དབང་བོ་སྐྱོན་ཅན་སོགས་ལ་ཉེན་གཡོལ་རོགས་སྐྱོར་བྱེད་པའི་བྱེད་ཐབས་དངོས་འབེབས་བཟང་བོ་བྱེད་པ་དང་། གནས་སྤོར་དགོས་པ་དུས་ཐོག་ཏུ་གནས་སྤོར་བ་དང་། གནས་སྤོར་དགོས་པ་སྔ་མོ་ནས་གནས་སྤོར་བ། གནས་སྤོར་དགོས་པ་ཅིས་ཀྱང་གནས་སྤོར་དགོས། གྲོང་གསེབ་ཀྱི་བདེ་འཇགས་འགན་སྲུང་ཐད་ལ་སྔར་ལས་ཤུགས་བསྣན་ཏེ། གཞུང་ལམ་དང་ཟམ་པ། སྦུགས་ལམ། བཟོ་སྐྲུན་བྱེད་ཡུལ་སོགས་གཙོར་བཟུང་ནས། དུས་ཐོག་ཏུ་མི་སྣ་རྩ་འཛུགས་བྱས་ནས་ཆུ་ལམ་དང་གད་སྙིགས་གཙང་བཤེར་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དང་། འཕྲལ་བསྟུན་འགོག་སྡོམ་བྱེད་ཐབས་དངོས་འབེབས་བྱས་ནས། གློག་ཤུགས་དང་འཕྲིན་གཏོང་། སོལ་རླངས་སོགས་རྒྱུན་ལྡན་དུ་འཁོར་སྐྱོད་བྱེད་པར་འགན་སྲུང་བྱེད་དགོས། འཕྲལ་བསྟུན་རྒུད་སྐྱོབ་བྱ་བ་སྔར་ལས་བཟང་བོར་སྒྲུབ་སྟེ། འཕྲལ་བསྟུན་ཇུས་གཞི་གཏན་འཁེལ་ཞིབ་ཕྲ་བྱེད་པ་དང་། མྱུར་སྐྱོབ་རྒུད་སྐྱོབ་ཀྱི་མཐུན་སྦྱོར་མཉམ་འབྲེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཕྱོགས་བསྡུས་དངོས་འཐབ་སྦྱོང་བརྡར་བཟང་བོ་བྱེད་པ། འཕྲལ་བསྟུན་དངོས་རྫས་གསོག་འཇོག་གང་ལེགས་བྱེད་པ། དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་དུས་ཐོག་ཏུ་གྲ་སྒྲིག་བྱེད་པ། གཅིག་གྱུར་སྒོས་བཀོད་འདོམས་བྱེད་པ། མགྱོགས་མྱུར་སྒོས་འགུལ་སྐྱོད་སྤེལ་ཐུབ་པ་དང་ཐག་གཅོད་ལ་ནུས་པ་ལྡན་པར་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་ཐག་རྦད་ཆོད་སྒོས་རིམས་ནད་གཏན་འགོག་བྱེད་དགོས་པ་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ། འཕེལ་རྒྱས་བདེ་འཇགས་ཡིན་པའི་བླང་བྱ་གལ་ཆེན་དངོས་འབེབས་བཟང་བོ་བྱེད་པ་དང་། སྤོབས་པ་ཆེན་པོས་ཁག་ཁུར་དང་གཅིག་གྱུར་སྒོས་འཆར་འགོད་བྱེད་མཁས་པར་བྱེད་པ། ཕྱོགས་མང་པོས་འབད་འཐབ་བྱེད་པ་དང་བསྟུད་མར་འབད་འཐབ་བྱེད་པ། རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་སྡོམ་དང་ཞོད་འགོག་རྒུད་སྐྱོབ། དཔལ་འབྱོར་འཛུགས་སྐྲུན། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པར་མ་ཟད་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་པའི་རེ་བ་བཏོན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་འབྲེལ་ཡོད་བྱ་བ་སྒྲུབ་པའི་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཆུ་ལོག་བརྒྱུགས་པའི་གནས་ཚུལ་དང་དེ་མིན་འཕྲལ་བསྟུན་ཐག་གཅོད་གནས་ཚུལ་ཁྱབ་སྒྲོག་བྱས། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གིས་ཉེ་བའི་དུས་སྐབས་ཤིག་གི་ནམ་ཟླའི་གནས་ཚུལ་ཁྱབ་སྒྲོག་བྱས།
ཞིང་ཆེན་དུ་གྲོས་ཚོགས་ཀྱི་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། ཆུས་སོ་སོ་ནས་ཡན་ལག་ཚོགས་ར་བཙུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།