ཟླ་དགུ་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རིམས་ནད་ཕྱི་ནས་ནང་དུ་མཆེད་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཐབས་ཇུས་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ངོས་ཀྱི་དོ་དམ་དམ་འཛིན་ནན་མོ་བྱེད་པ་དང་། བརྩེ་སེམས་ལྡན་པའི་སྒོ་ནས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བཟང་བོ་བྱེད་དགོས།
ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ནན་ཀོན་སྲང་ལམ་འོག་མ་དང་མཁར་ནུབ་ཁུལ་ཞི་ཅན་ཡོན་སྡེ་ཁུལ་གཉིས་ཉེན་ཁ་འབྲིང་བའི་ས་ཁུལ་དང་ཉེན་ཁ་ཆེ་བའི་ས་ཁུལ་དུ་གཏན་ཁེལ་བྱས་པ་དང་། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་སྡོད་ཁུལ་དུ་སོང་ནས། རིམས་ནད་འགོག་སྡོམ་མི་སྣར་འཚམས་འདྲི་བྱས་པ་དང་། མི་སྒེར་གྱི་འགོག་སྲུང་བཟང་བོ་བྱེད་པ་དང་། ཁོར་ཡུག་དུག་སེལ་ནན་མོ་བྱེད་པ། ལས་རེས་ལས་སྲུང་ལ་ཤུགས་སྣོན་རྒྱུའི་མངག་བཅོལ་བྱས་པར་མ་ཟད། ལས་བྱེད་མི་སྣ་བརྒྱུད་ནས་སྤྱི་ཚོགས་ངོས་ཀྱི་དོ་དམ་དང་ཉིང་སྐྱུར་བཤེར་འཇལ། འགོས་ཁུངས་བརྟག་བཤེར་བདམ་བཤེར། སྡོད་དམངས་ཀྱི་འཚོ་བའི་འགན་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བཤད་རྒྱུར། ཟི་ལིང་གིས་སྐོར་ཐེངས་འགའི་རིམས་ནད་འགོག་སྡོམ་བརྒྱུད་དེ། ཉམས་མྱོང་བསགས་པ་དང་། མི་འདང་ས་ཡང་རྙེད་པས། ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། སྔར་ཡོད་ཀྱི་བྱ་བའི་རྨང་གཞིའི་སྟེང་། ཧུར་ཐག་གིས་ཆེས་ཐུང་བའི་དུས་ཚོད་སྤྱད་དེ་རིམས་ནད་བརྒྱུད་མཆེད་བྱེད་པར་ཚོད་འཛིན་བྱེད་དགོས། ས་ཁུལ་དང་རིམ་པ་བགོས་ནས་རིམས་ནད་འགོག་སྡོམ་བྱེད་པའི་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་། འགུལ་རྣམ་རྗེས་འདེད་བྱེད་པ། གནད་ཕིགས་འགོག་སྡོམ་བྱས་ཏེ། མང་ཚོགས་ཀྱིས་ནད་སྟོན་སྨན་བཅོས་བྱེད་པའི་དགོས་མཁོ་ལ་འགན་སྲུང་བཟང་བོ་བྱེད་དགོས། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། མང་ཚོགས་ཀྱི་རྒྱུས་ལོན་དང་རྒྱབ་སྐྱོར། གཞོགས་འདེགས་བརྩོན་ལེན་བྱེད་པ། ཁྱིམ་སྡོད་མང་ཚོགས་ཀྱི་སེམས་ཁྲལ་མེད་པར་བྱས་ནས། རིམས་ནད་འགོག་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།
ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ནན་གྱིས་བསྟན་དོན། མིག་སྔར་སྤྱི་ཚོགས་ངོས་ཀྱི་དོ་དམ་གོ་གནས་དང་པོར་འཇོག་པ་དང་། གཟབ་ནན་དང་ཕན་འབྲས་ལྡན་པ། གོ་རིམ་ལྡན་པར་བྱེད་པ། མི་མངོན་པའི་བརྒྱུད་མཆེད་ཉེན་ཁ་མེད་པར་བྱས་ཏེ། སྤྱི་ཚོགས་ངོས་ཀྱི་གཙང་སེལ་མངོན་འགྱུར་བྱེད་དགོས། ཉིང་སྐྱུར་བཤེར་འཇལ་གྱི་ཕྱོགས་བསྡུས་ཕན་ནུས་མཐོར་འདེགས་གཏོང་བ་དང་། མྱུར་དུ་རིམས་ནད་ཐད་ཀྱི་བརྟག་དཔྱད་བྱེད་པ། འགོས་ཁུངས་ཡང་དག་པར་འཚོལ་བ། ཐག་གཅོད་ཡང་དག་བྱེད་པ། དེ་དང་མཉམ་དུ། ཉིང་སྐྱུར་བཤེར་འཇལ་བརྒྱུད་རིམ་ཁྲོད་བྱུང་བའི་བསྣོལ་བསྲེས་རིམས་འགོས་ལ་བཀག་འགོག་བྱེད་དགོས། རིམས་ནད་འགོག་སྡོམ་ཐད་ནས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བ་དང་། སྡེ་ཁག་གང་དང་མི་སྒེར་སུ་ཡིས་ཀྱང་སྟེས་དབང་གི་བསམ་བློ་འཛིན་མི་རུང་བ་དང་དམིགས་བསལ་གྱི་ལྟ་སྟངས་འཛིན་མི་རུང་བར། མཉམ་འགོག་མཉམ་སྡོམ་གྱི་འགན་འཁྲི་དང་ཁོངས་གཏོགས་ས་ཆའི་དོ་དམ་རེ་བ་ལག་བསྟར་ནན་མོ་བྱས་ནས། འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་དགོས། ཞིང་ཆེན་དང་གྲོང་ཁྱེར་གཞན་པའི་ཉམས་མྱོང་ལ་དཔེ་བལྟ་དང་སློབ་སྦྱོང་བྱེད་པ་དང་། འགོག་སྲུང་དྲ་རྒྱ་བརྟན་པོ་བཙུགས་ཏེ། མྱུར་དུ་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པའི་ཐད་ཆ་རྐྱེན་བསྐྲུན་དགོས། དངོས་ཟོག་གེགས་མེད་སྐྱེལ་འདྲེན་དང་ཁེ་ལས་ཀྱི་ཐོན་སྐྱེད་སོགས་བྱ་བ་བཟང་བོར་སྒྲུབ་པར་གཅིག་འདོམས་བྱས་ནས། ཚད་ཆེས་མཐོ་བའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཐེབས་པའི་གནོད་པ་ཇེ་ཉུང་དུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་སྔོན་དུ་བཀོད་འདོམས་བྱེད་པ་དང་། བརྒྱུད་མཆེད་འབྲེལ་ཐག་དང་ཉེན་ཁའི་ས་ཆ་སོགས་ལ་རྒྱུས་ལོན་གསལ་བོ་བྱེད་པ། ཡུལ་དངོས་ཀྱི་བཀོད་གཏོང་ལ་ཤུགས་བསྣན་ནས། རིམས་ནད་འགོག་སྡོམ་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ་དང་གྲུབ་འབྲས་ལེན་ཐུབ་པར་བྱེད་དགོས།
ཁྲིན་རུའེ་ཧྥིན་དང་ཀྲུའུ་ཞང་ཧྥིན་གཉིས་རྟོག་ཞིབ་ལ་ཞུགས།