ཝུའུ་ཞའོ་ཅུན་གྱིས་ཧུའུ་ཀྲུའུ་རྫོང་དང་ཟི་ལིང་གྲོང་ཁྱེར་གྱི་ས་གཤིས་གནོད་འཚེ་རྒུད་སྐྱོབ་བཀོད་སྒྲིག་དང་འགོག་བཅོས་བྱ་བར་རྟོག་ཞིབ་བྱས།
2022.09.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གི་མངག་བཅོལ་ལྟར། ཟླ་དགུ་པའི་ཚེས་བཞི་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དང་ཟི་ལིང་གྲོང་ཁྱེར་གྱི་ས་གཤིས་གནོད་འཚེ་རྒུད་སྐྱོབ་བཀོད་སྒྲིག་དང་འགོག་བཅོས་བྱ་བར་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་སེལ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྔོན་འགོག་གཙོར་འཛིན་པ་དང་འགོག་སེལ་སྐྱོབ་གསུམ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱུན་རྣམ་གནོད་སེལ་དང་རྒྱུན་རྣམ་མིན་པའི་རྒུད་སྐྱོབ་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སེམས་ཤུགས་ཡོད་རྒུ་བཏོན་ནས་གནོད་འགོག་གནོད་སེལ་རྒུབ་སྐྱོབ་བྱ་བ་བཟང་བོར་སྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

ཧུའུ་ཀྲུའུ་རྫོང་ཝེ་ཡོན་གྲོང་བརྡལ་དུ་དགུ་པའི་ཚེས་གཅིག་ཉིན་རི་ཉིལ་ནས་གནོད་འཚེ་ཐེབས་རྗེས་ཀྱི་རྒུད་སྐྱོབ་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་གནོད་ཐེབས་གནས་ཚུལ་དང་འཕྲལ་བསྟུན་མྱུར་སྐྱོབ་རྒུད་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། འཐབ་ཕྱོགས་དང་པོ་ན་མྱུར་སྐྱོབ་རྒུད་སྐྱོབ་བྱེད་པའི་མི་སྣར་འཚམས་འདྲི་བྱས་པར་མ་ཟད་འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་ཀྱི་འགན་འཁུར་བ་དང་ཆེད་མཁས་པ་དང་མཉམ་དུ་བཞུགས་མོལ་བྱས། ཝུའུ་ཞའོ་ཅུན་གྱིས་བཤད་དོན། གནོད་འཚེ་ཐེབས་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་ཆེན་པོ་གནང་འོག རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་དང་མེ་གསོད་རྒུད་སྐྱོབ་དཔུང་སྡེ་སོགས་ལས་ཁུངས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་བ་དང་བསྟུད་མར་འབད་འཐབ་བྱས་ཤིང་། འཕྲལ་བསྟུན་རྒུད་སྐྱོབ་ཐག་གཅོད་བྱ་བ་ནུས་ལྡན་དང་གོ་རིམ་ལྡན་པར་སྒྲུབ་ནས། ཚད་མཐོན་པོས་མི་སྣ་ཤི་རྨས་བྱུང་བ་ཇེ་ཉུང་དུ་བཏང་བ་དང་། རང་བྱུང་གནོད་འཚེ་ཡི་གྱོང་གུད་ཐེབས་ཚད་ཇེ་དམའ་རུ་བཏང་། མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུ་འདོན་པ་དང་ཚན་རིག་དང་མཐུན་ཞིང་བདེ་འཇགས་སྒོས་འཚོལ་སྐྱོབ་བྱ་བ་སྒྲུབ་པ་དང་། འདས་པོའི་ཁྱིམ་མིར་སེམས་གསོ་བྱེད་པའི་བྱ་བ་འོས་འཚམ་སྒོས་སྒྲུབ་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་མཐའ་འཁོར་གྱི་མང་ཚོགས་ཉེན་གཡོལ་གནས་སྤོར་བྱེད་པའི་བྱ་བ་གང་ལེགས་སྒོས་སྒྲུབ་པ་དང་། རྒྱུན་མཐུད་སྒོས་ས་གཤིས་གནོད་འཚེ་ལ་སྐོར་ཞིབ་ཞིབ་བཤེར་དང་ཞིབ་འཇུག་བརྡར་གཅོད། དག་ཐེར་བཅོས་སྐྱོང་བྱེད་པ། མང་ཚོགས་ཀྱིས་ཇུས་འདོན་ཤུགས་འདོན་བྱེད་པ་དང་ཕྱོགས་བསྡུས་ཇུས་བསྟར་བྱེད་པ། གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་འཛུགས་བྱ་བ་བཟང་བོར་སྒྲུབ་ནས། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་དགོས་ཟེར།

དེའི་རྗེས་སུ་ཝུའུ་ཞའོ་ཅུན་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱེད་སར་སོང་སྟེ། གནོད་ཐེབས་མང་ཚོགས་ཀྱི་གནས་སྐབས་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཁོ་ཚོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བརྩེ་བའི་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱས་ལ། ཚང་མས་མཐུན་སྒྲིལ་གཅིག་གྱུར་དང་དཀའ་ཁག་ཁྱད་སེལ་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། འབྲེལ་ཡོད་འགན་འཁུར་བས་སྔར་ལས་བཟང་བའི་སྤྱོད་ཚུལ་འཛིན་པ་དང་སྔར་ལས་ནུས་པ་ལྡན་པའི་བྱེད་ཐབས་སྤྱོད་དགོས་ལ། ཐབས་བརྒྱ་ཇུས་སྟོང་སྒོས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བཟང་བོ་བྱེད་པ་དང་འགན་སྲུང་བཟང་བོ་བྱེད་པ། ཞབས་འདེགས་བཟང་བོ་ཞུ་དགོས་པའི་རེ་བ་བཏོན།

ཟི་ལིང་གྲོང་ཁྱེར་གྱི་བྱང་རིའི་ས་གཤིས་གནོད་འཚེ་ཐེབས་པར་ཉེན་ཁ་ཆེ་ས་དང་ནན་ཁྲོན་ཤར་ལམ་གྱི་རི་ངོས་གནོད་འཚེ་བཅོས་སྐྱོང་བཟོ་སྐྲུན་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ལ་ལྟ་ཞིབ་བྱས་པ་དང་ས་གཤིས་གནོད་འཚེ་འགོག་བཅོས་བྱ་བ་སྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་བསྟན་དོན། ས་གཤིས་གནོད་འཚེ་འགོག་བཅོས་བྱ་བ་གོ་གནས་གལ་ཆེན་དུ་བཞག་སྟེ་རྒྱུན་མཐུད་སྒོས་སྔོན་འགོག་དངུལ་གཏོང་ལ་ཤུགས་སྣོན་པ་དང་། ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བའི་ནུས་པ་ཇེ་ཆེར་གཏོང་བ། བཟོ་སྐྲུན་སྒྲིག་ཆས་ཀྱི་འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་མིས་འགོག་པ་དང་ལག་རྩལ་གྱིས་འགོག་པ་ཟུང་འབྲེལ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཁྲིན་རོས་ཧྥིན་དང་ཝང་ཝེ་ཏུང་། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན། ལིའུ་ཐོ་བཅས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

                                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།